དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་མཁའ་འགྲུལ་ཁུལ་གསར་དུ་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་བརྡ་ཁྱབ་བཏང་བའི་དཔེ་མཚོན་གྱོད་དཔེ་དག་ཐེར་ལས་དོན་ལ་ཞིབ་བཤེར་དང་སྒྲུབ་སྐུལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-01

    870a4dcb-2d3d-49f4-91f2-cb2dee2f84ff.jpg.jpg

    ཚེས་29ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་མཁའ་འགྲུལ་ཁུལ་གསར་དུ་ཕེབས་ཏེ་ས་གནས་ས་ཐོག་ཏུ་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་བརྡ་ཁྱབ་བཏང་བའི་དཔེ་མཚོན་གྱོད་དཔེ་དག་ཐེར་ལས་དོན་ལ་ས་གནས་ས་ཐོག་ཏུ་ཞིབ་བཤེར་དང་སྒྲུབ་སྐུལ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་མཁའ་འགྲུལ་ཁུལ་གསར་རྒྱ་དྲུག་གླིང་གྲོང་རྡལ་སྐྱིད་གཤོངས་མ་ཡུར་གྱི་རྐ་འགོར་ཕེབས་ཏེ་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་བརྡ་ཁྱབ་བཏང་བའི་དཔེ་མཚོན་གྱོད་དཔེ་དག་ཐེར་ལས་དོན་ལ་ཞིབ་བཤེར་དང་སྒྲུབ་སྐུལ་གནང་བཞིན་པ།

    ཚེས་29ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་མཁའ་འགྲུལ་ཁུལ་གསར་དུ་ཕེབས་ཏེ་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་བརྡ་ཁྱབ་བཏང་བའི་དཔེ་མཚོན་གྱོད་དཔེ་དག་ཐེར་ལས་དོན་ལ་ས་གནས་ས་ཐོག་ཏུ་ཞིབ་བཤེར་དང་སྒྲུབ་སྐུལ་གནང་བ་རེད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་ནས་གཅིག་ཤེས་ཀུན་གྲོལ་དང་། ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་ཚད་གཞི་མཐོ་ལ་སྤུས་ཚད་མཐོ་བའི་སྒོ་ནས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གི་དག་ཐེར་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ་དང་། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུར་སྐུལ་འདེད་ཏན་ཏིག་བཏང་སྟེ། བྱ་སྤྱོད་དངོས་ཀྱི་ཐོག་ནས“གཏན་འཁེལ་གཉིས”ལ་བརྩི་བཀུར་དང“སྲུང་སྐྱོང་གཉིས”ལག་ལེན་བསྟར་དགོས་ཞེས་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་རྒྱ་དྲུག་གླིང་གྲོང་རྡལ་སྐྱིད་གཤོངས་མ་ཡུར་གྱི་རྐ་འགོ་དང་། མཁའ་འགྲུལ་ཁུལ་གསར་དོ་དམ་ཨུ་ལྷན་གྱི་ཤར་ངོས་བང་གྲོང་གི་ཆུ་ལོག་འབུད་ས། མཁའ་འགྲུལ་ཁུལ་གསར་གྱི་བཙོག་ཆུ་གཞི་གཅིག་ཅན་གྱི་གཙང་གསིང་བཟོ་གྲྭ་བཅས་སུ་ཕེབས་ནས་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་གང་བྱུང་དུ་སྤུངས་པ་དང་ཐག་གཅོད་མ་བྱས་པའི་འཚོ་བའི་བཙོག་ཆུ་ཐད་ཀར་འབུད་པའི་གནད་དོན་འཕྲལ་སྒྲུབ་འཕྲལ་བཅོས་བྱས་ཚུལ་ལ་གཟིགས་ནས་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་དོ་དམ་དང་མཁའ་འགྲུལ་ཁུལ་གསར་གྱི་བཙོག་ཆུ་གཅིག་སྡུད་གཙང་གསིང་གི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་ལས་དོན་སྐོར་ལ་ས་གནས་ས་ཐོག་ཏུ་གཞུང་དོན་སྒྲུབ་གནང་ནས། ལྷ་ས་གྲོང་ཁྱེར་དང་ལྷོ་ཁ་གྲོང་ཁྱེར་གྱིས་མགྱོགས་ནས་མྱུར་དུ་དག་ཐེར་གྱི་ཇུས་གཞི་འཐུས་སྒོ་ཚང་དུ་བཏང་སྟེ། ནན་པོ་དང་ཏན་ཏིག་གི་སྒོ་ནས་དག་ཐེར་ལ་དམ་འཛིན་ཡག་པོ་བྱེད་པ་དང་རྗེས་སྙེག་སྒྲུབ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ་དག་ཐེར་དོན་ཐོག་ཏུ་འཁྱོལ་བ་དང་དག་ཐེར་མཐར་ཕྱིན་ཡོང་བའི་འགན་ལེན་བྱེད་དགོས་པའི་བཀའ་བཏང་བ་རེད།

    ཝང་ཅུན་ཀྲེང་གིས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ནི་ང་ཚོས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི“ཆབ་སྲིད་ཀྱི་ཞིབ་བཤེར”ཐེངས་གཅིག་ཡིན་ལ། ང་ཚོར་གནད་དོན་ཤེས་རྟོགས་དང་ཐག་གཅོད་བྱེད་རོགས་བྱས་པ་ཞིག་ཀྱང་ཡིན་པས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པར་མཛུབ་ཁྲིད་དང་སྐུལ་འདེད་གཏོང་བའི་ངོས་ནས་བརྗོད་ན་ཐོབ་པར་དཀའ་བའི་གོ་སྐབས་ཤིག་རེད། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། བསམ་བློ་དང་བྱ་སྤྱོད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱེད་པ། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱི་ཆབ་སྲིད་ཀྱི་དོན་སྙིང་གལ་ཆེན་དང་། དོན་དངོས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། ཀྲུང་དབྱང་ལྟ་བཤེར་ཚོགས་ཆུང་གིས་བརྡ་ཁྱབ་བཏང་བའི་གནད་དོན་རང་འགུལ་ངང་ངོས་འཛིན་དང་རྩིས་ལེན་པ་བཅས་བྱས་ཏེ། བཏོན་པའི་བསམ་འཆར་ཚང་མ་བསྡུ་ལེན་བྱེད་པ་དང་བྱེད་ཐབས་བརྟན་ཤོས་དང་ནུས་ལྡན་གྱི་སྒོ་ནས་གནད་དོན་ཕྱོགས་ཡོངས་ནས་དག་ཐེར་མཐར་ཕྱིན་ཐུབ་པའི་འགན་ལེན་བྱས་ཏེ། ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་ཕན་འབྲས་གསར་པ་ཐོན་པ་བྱེད་དགོས་ཞེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་ཆེས་དམ་ནན་གྱི་ཁྲིམས་སྐྱོང་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་མཐའ་འཁྱོངས་བྱས་ཏེ་ཚན་རིག་དང་མཐུན་པའི་ཐབས་ཇུས་དང་། ཁྲིམས་འཛིན་ལྟ་འདོམས། འགན་འཁྲི་དོན་འཁྱོལ་སོགས་ནས་འགོ་བཙུགས་ཏེ་དངོས་སྒྲུབ་དང་། སྤྱོད་གོ་ཆོད་པ། ཕུགས་ཕན་བཅས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་སུ་གཏོང་བ། མཛེས་སྡུག་ལྡན་པའི་སྡོད་མལ་ཁོར་ཡུག་འཛུགས་སྐྲུན་བྱེད་པ། བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ་བཅས་ལ་སྐུལ་འདེད་གཏོང་བའི་ཐད་ལས་དོན་དེ་བས་མང་བ་སྒྲུབ་དགོས། “དེ་མ་ཉིད་དུ་དག་ཐེར”དང“ཡུན་རིང་གཞི་ཚུགས་རྒྱུ”ཟུང་འབྲེལ་མཐའ་འཁྱོངས་དང“གནས་ལ་དམིགས་ནས་དག་ཐེར”དང“རྩ་བར་གཞི་ཚུགས་རྒྱུ”ཟུང་འབྲེལ་བྱེད་པར་དམིགས་ཏེ་མ་ལག་བཅོས་སྐྱོང་དང་། ཕྱོགས་བསྡུས་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་། ཚན་རིག་དང་མཐུན་པའི་བཅོས་སྐྱོང་བཅས་ལ་ཤུགས་སྣོན་རྒྱག་དགོས། ལྟ་བཤེར་དག་ཐེར་སྒུལ་ཤུགས་དང་སྐུལ་ལྕག་ལ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་དག་ཐེར་གྱི་སྤུས་ཚད་དང་ཚད་གཞི་ནན་དུ་གཏོང་བ་དང་། ནན་པོ་དང་། ཏན་ཏིག མྱུར་པོ་བཅས་ཀྱི་སྒོ་ནས་དག་ཐེར་དང“ཕྱིར་མིག་ལྟ་བར”དམ་འཛིན་ཡག་པོ་བྱས་ཏེ་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་རྒྱ་ཁྱབ་བྱེད་པ་དང་མང་ཚོགས་ཀྱི་ལྟ་སྐུལ་རང་འགུལ་ངང་དང་ལེན་བྱས་ཏེ་དག་ཐེར་བྱས་འབྲས་ལ་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་དཔྱད་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་གནད་དོན་གྱི་འགག་རྩ་སྔོག་འདོན་གཏིང་ཟབ་བྱས་ཏེ་མངོན་གསལ་དོད་པའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་འབྱུང་རྩ་ནས་ཐག་གཅོད་ཡག་པོ་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཕྱོགས་ཡོངས་ནས་གྲལ་བཤེར་དང་། དོན་དག་ཚང་མར་དག་ཐེར་བྱ་ཐབས་འདོན་པ། གནད་དོན་ཚང་མ་ནས་འགོ་བཙུགས་ཏེ་དག་ཐེར་གྱི་ལས་འགན་ཞིབ་ཚགས་སུ་གཏོང་བ། དག་ཐེར་གྱི་ཇུས་གཞི་ཚན་རིག་དང་མཐུན་པའི་ངང་བཟོ་བ། འགན་འཁྲིའི་ཚན་པ་དང་། འགན་འཁུར་བ། དག་ཐེར་གྱི་དུས་བཅད་བཅས་ཁ་གསལ་བཟོ་བ། དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ཁྲིམས་དང་སྒྲིག་སྲོལ་ལྟར་དང་། ཚན་རིག་དང་མཐུན་ལ་གནད་སྨིན། དངོས་སྒྲུབ་ཕན་ཆེ་བཅས་ཡོང་བ་བྱེད་དགོས། གནད་དོན་གྱི་འབྱུང་རྩར་དབྱེ་ཞིབ་གཏིང་ཟབ་བྱས་ནས་ཁོར་ཡུག་སྐོར་གྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་བཏང་སྟེ་དགོས་པའི་ལས་མི་བྱེད་པ་དང་། མི་དགོས་ལས་རྙོག་བཟོ་བ། ལས་ཀ་ཕྱིར་འགྱངས་གཏོང་བ། ལས་ཀ་སྒྲུབ་ཁུལ་ཙམ་བྱེད་པ་སོགས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཅས་ལས་བྱུང་བའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཁྲིམས་དང་ཁྲིམས་སྲོལ་ལྟར་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས། རྩ་ལག་མཉམ་བཅོས་མངོན་གསལ་དོད་པ་དང་འབྱུང་རྩ་ནས་བཅོས་སྐྱོང་བྱེད་རྒྱུར་མཐོང་ཆེན་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་གི་མངོན་གསལ་དོད་པའི་གནད་དོན་གྲལ་བཤེར་ཆེན་པོ་དང་བཅོས་སྒྲིག་ཆེན་པོ་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་མཐའ་ཚད་དང་། དམར་ཐིག གློག་ཆེན་བཅས་བརྟན་སྲུང་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།