དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-27

    ◆ མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་དམངས་འཚོ་འགན་ལེན་དང་ལེགས་སུ་ཏན་ཏིག་བཏང་སྟེ་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་རྒྱུན་ཆད་མེད་པར་སྐོང་དགོས། 

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས། རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། འཕྲོད་བསྟེན་བདེ་ཐང་། སློབ་གསོ་འཕེལ་རྒྱས་འཆར་འགོད། “འགོ་གཙོ་དང་པོ”དང་དེའི་འགོ་ཁྲིད་ཚན་ཁག་གི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་རྒྱུ་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་གནང་བ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་གི་ཡོད། སྤྱི་ཁྱབ་ཧྲུའུ་ཅི་སྐུ་ངོ་མ་བོད་དུ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་གཙོ་སྐྱོང་གནང་བ། བོད་ཀྱི་ལས་དོན་ལ་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་སྟེ“དོན་ཆེན་བཞི”ཡིན་པའི་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་བོད་ཀྱི་ལས་དོན་གྱི་འཐབ་ཇུས་ལས་འགན་ལ་བརྩིས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་གནང་སྟེ་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་གཏིང་ཟབ་བྱས་ཏེ“དོན་ཆེན་བཞི”དང“འགན་ལེན་བཞི”ལ་དམིགས་ནས“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”འཐབ་ཇུས་བཀོད་སྒྲིག་བྱས་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དོན་འཁྱོལ་ལ་དམ་པོར་དམིགས་ནས། རྒྱལ་ཁབ་ཀྱིས་བོད་ལ་རྒྱབ་སྐྱོར་བྱེད་པའི་བྱ་ཐབས་ཁག་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་ལས་དོན་ལ་ནུས་ལྡན་ངང་བསྒྱུར་བ་དང་། གསལ་ཐོ་ཅན་གྱི་དོ་དམ་དང་། རྣམ་གྲངས་ཅན་གྱི་དོན་འཁྱོལ། ལས་གྲྭ་ཅན་གྱི་སྐུལ་འདེད་བཅས་ལ་སྔར་བས་ཤུགས་སྣོན་རྒྱག་པ། བྱས་པའི་རྗེས་དང་འདྲུད་པའི་ཤུལ་ཡོད་པར་བྱེད་པ། འཆར་འགོད་འཛུགས་སྐྲུན་གྱི་ལས་འགན་ཁག་ལ་ཚད་གཞི་མཐོ་པོ་དང་སྤུས་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་གཏོང་བ་བཅས་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གངས་ལྗོངས་ས་མཐོར་རྩ་བ་བརྟན་པོ་ཚུགས་པ་དང་མེ་ཏོག་བཞད་ནས་འབྲས་བུ་སྨིན་པའི་འགན་ལེན་བྱེད་དགོས།

    ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་འཆར་འགོད་སྙན་སེང་གསན་ཞིང་། ཝང་ཅུན་ཀྲེང་གིས། བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། སྤྱི་ཡོངས་ཀྱི་ལྟ་བ་དང་། ཕུགས་ཀྱི་ལྟ་བ། ཚོགས་སྤྱིའི་ལྟ་བ་བཅས་འཛུགས་པ་དང་། འཛམ་གླིང་གི་སྐྱེ་ཁམས་ཆེན་པོ་དང་རྒྱལ་ཡོངས་ཀྱི་ཁོར་ཡུག་ཆེན་པོར་གཞི་ཚུགས་པ། རྒྱུན་མཐུད་འཕེལ་རྒྱས་དང་ཀྲུང་ཧྭ་མི་རིགས་ཀྱི་འབྱུང་འགྱུར་ལ་དམིགས་པ། སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ། རི་ཆུ་ནགས་ཞིང་དང་རྩྭ་མཚོ་བྱེ་འཁྱགས་བཅས་ཀྱི་མ་ལག་བཅོས་སྐྱོང་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱེད་པ། རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་ཤུགས་ཆེན་སྤེལ་བ། སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་ལྟ་འདོམས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ། སྐྱེ་ཁམས་ཤེས་དཔལ་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བཅས་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་གཅིག་ཤེས་ཀུན་གྲོལ་དང་། ཉམས་མྱོང་ཕྱོགས་སྡོམ། ཆད་སྐྱོན་སེལ་བ་བཅས་བྱས་ཏེ། འཆར་འགོད་བཟོ་བ་དང་ལག་བསྟར་བྱེད་པའི་བརྒྱུད་རིམ་དེ་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་གཏོང་བའི་བརྒྱུད་རིམ་ལ་བསྒྱུར་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བྱ་ཐབས་ཁག་དོན་འཁྱོལ་ཏན་ཏིག་དང་། དོན་འཁྱོལ་ཞིབ་ཕྲ། དོན་འཁྱོལ་གནད་སྨིན་བཅས་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་འཕྲོད་བསྟེན་བདེ་ཐང་བྱ་གཞག་གི་འཕེལ་རྒྱས་འཆར་འགོད་སྙན་སེང་གསན་ཞིང་། ཝང་ཅུན་ཀྲེང་གིས། མི་དམངས་ཀྱི་བདེ་ཐང་འགན་ལེན་བྱེད་པ་དེ་གཞན་གྱི་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གནས་བབ་ཐོག་བཞག་ནས་བདེ་ཐང་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། བདེ་ཐང་ལ་སྐུལ་འདེད་གཏོང་རྒྱུ་དེ་སྤྱི་པའི་སྲིད་ཇུས་གཏན་འབེབས་དང་ལག་བསྟར་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་མཉམ་འདྲེས་ཐུབ་པར་བྱས་ཏེ་དམངས་ཡོངས་བདེ་ཐང་དང་དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བ་བྱེད་དགོས། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ། སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་དང་རྫོང་ཁོངས་ཀྱི་སྨན་བཅོས་མཉམ་ སྤྱོད་སྒྲིག་གཞི་འཛུགས་སྐྱོང་ལ་སྐུལ་འདེད་བརྟན་པོ་གཏོང་བ་དང་ཡུལ་གཞན་དུ་སྨན་བཅོས་དང་མཇུག་རྩིས་རྒྱག་པའི་ཁྱབ་ཁོངས་རིམ་བཞིན་ཆེ་རུ་བཏང་ནས་བོད་ལུགས་གསོ་རིག་དང་ཕྱི་ལུགས་གསོ་རིག་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། སྨན་བཅོས་འཕྲོད་བསྟེན་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཉམས་ཞན་རིག་ཚན་དང་ནད་ཐོག་སྨན་བཅོས་ཀྱི་གཙོ་གནད་ཆེད་ལས་ཚན་ཁག་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱེད་པ། གོ་ཆོད་སྨན་པ་དཀའ་བཅུ་པ་དང་སྨན་ཁང་དུ་སྡོད་པའི་སྨན་པ་དཀའ་བཅུ་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་གྲོང་གསེབ་ཀྱི་སྨན་པའི་སྤྱི་ཡོངས་ཀྱི་ཕྱོགས་བསྡུས་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། སྨན་བཅོས་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ་དང་། སྤུས་ལེགས་སྨན་བཅོས་ཐོན་ཁུངས་གཞི་རིམ་དུ་རྒྱ་སྐྱེད་དང་དོ་སྙོམས་བཀོད་སྒྲིག་ལ་སྐུལ་འདེད་གཏོང་བ། སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་རྫོང་ཁོངས་སུ་རྒྱ་སྐྱེད་ཐུབ་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ཞབས་ཞུའི་དགོས་མཁོ་སྔར་བས་ལེགས་པར་སྐོང་དགོས་པའི་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་སློབ་གསོ་འཕེལ་རྒྱས་འཆར་འགོད་སྙན་སེང་གསན་ཞིང་། ཝང་ཅུན་ཀྲེང་གིས། ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་རྩ་བའི་ལས་འགན་དོན་འཁྱོལ་བྱས་ཏེ། ཤུལ་འཛིན་མཁན་ཡོད་པའི་རྩ་བའི་ཇུས་ཆེན་ལ་དམ་འཛིན་ཡག་པོ་བྱེད་པ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོར་སྐུལ་འདེད་གཏིང་ཟབ་བཏང་ནས། སྤྱོད་ལམ་དང་། ཤེས་རིག ལུས་རྩལ། མཛེས་རིག ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་བྱེད་དགོས། “མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། གསོ་སྐྱོང་ཇི་ལྟར་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པ”བཅས་ལ་དམིགས་ནས་སློབ་ཞུགས་གོང་གི་སློབ་གསོ་ཁྱབ་གདལ་དང་ཀུན་ཕན་འཕེལ་རྒྱས་དང་། འོས་འགན་སློབ་གསོ་སྤུས་ལེགས་དོ་སྙོམས་འཕེལ་རྒྱས། མཐོ་རིམ་སློབ་འབྲིང་དཀྱུས་མའི་ཁྱད་ལྡན་སྣ་མང་འཕེལ་རྒྱས། ལས་རིགས་སློབ་གསོ་གཞན་སྒྱུར་འཕེལ་རྒྱས། མཐོ་རིམ་སློབ་གསོའི་ནང་ངོས་འཕེལ་རྒྱས་བཅས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། དགེ་རྒན་མུ་མཐུད་གསོ་སྦྱོང་བྱེད་པའི་ལས་དོན་ལ་མཐོང་ཆེན་པོ་བྱེད་པ། སློབ་གསོ་དང་སློབ་ཁྲིད་ཀྱི་སྤུས་ཚད་ལེགས་སུ་གཏོང་བ་བཅས་བྱས་ནས། སློབ་གསོའི་གདེང་འཇོག་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། སློབ་གསོའི་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གཏིང་ཟབ་ཏུ་གཏོང་བ་དང་སློབ་གསོའི་རོགས་སྐྱོར་ཐོབ་རྒྱུའི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས། སློབ་གསོའི་རོགས་སྐྱོར་ཐོབ་རྒྱུའི་ལས་དོན་གྱི་གནད་སྨིན་རང་བཞིན་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ཏང་གིས་སློབ་གསོའི་ལས་དོན་ལ་འགོ་ཁྲིད་རྒྱུར་ཤུགས་སྣོན་རྒྱག་པ་དང་སློབ་གྲྭའི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། སློབ་གསོས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    《“འགོ་གཙོ་དང་པོ”དང་འགོ་ཁྲིད་ཚན་ཁག་གི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་བསམ་འཆར》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། ཝང་ཅུན་ཀྲེང་གིས། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཟབ་སྦྱོང་མཐིལ་རྟོགས་བྱེད་པ་དང་། “འགོ་གཙོ་དང་པོ”དང་འགོ་ཁྲིད་ཚན་ཁག་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། ལམ་ལུགས་ལག་བསྟར་གྱི་གཅུན་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། ལམ་ལུགས་ཀྱི་ལེགས་ཆ་དེ་བས་ལེགས་པའི་ངང་བཅོས་སྐྱོང་གི་ཕན་འབྲས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་བྱེད་དགོས། ཆབ་སྲིད་ཀྱི་ལྟ་སྐུལ་དང་ཏང་ནང་ཁུལ་གྱི་ལྟ་སྐུལ་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་། དབང་ཆ་འཁོར་སྐྱོད་ཀྱི་ལྷུ་ཚིགས་ཚང་མར་དམ་པོར་དམིགས་པ། འགག་རྩའི་མིར་དོ་དམ་ཡག་པོ་དང་། འགག་རྩའི་གནས་ལ་དོ་དམ་ཡག་པོ། འགག་རྩའི་དུས་སུ་དོ་དམ་ཡག་པོ་བཅས་བྱས་ནས། “འགག་རྩའི་ཉུང་ཤས”ལ་ལྟ་སྐུལ་ནུས་ལྡན་བྱས་ཏེ“མང་ཆེ་བར”སྐུལ་ཁྲིད་ཐུབ་པར་བྱེད་དགོས། རྒྱུན་ལྡན་ནས་སྣང་ཆེན་དང་ནན་པོ་བྱས་ནས། སྔོན་ལ་དོགས་ཟོན་དང་། སྔ་ཙམ་ཤེས་རྟོགས། ཆུང་ས་ནས་ཐག་གཅོད། དག་ཐེར་གནད་འཁེལ་བཅས་བྱེད་དགོས། སྒྲིག་བཤེར་ལྟ་ཞིབ་དང་། རྩིས་བཤེར། སྐོར་གཟིགས་སོགས་ཕྱོགས་མང་པོའི་མཉམ་འབྲེལ་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ལྟ་སྐུལ་གྱི་མཉམ་ཤུགས་ཆགས་པར་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་རང་རྟོགས་ངང་ལྟ་སྐུལ་དང་ལེན་དང་། རང་རྟོགས་ངང་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ལག་ལེན་བསྟར་བ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྣེ་ཁྲིད་དེ་སྲུང་སྐྱོང་བཅས་བྱས་ནས། གོམ་སྟབས་གཅིག་མཚུངས་ངང་མདུན་ཕྱོགས་སུ་བལྟ་རྒྱུ་འགན་ལེན་བྱེད་དགོས། 《ལག་བསྟར་བསམ་འཆར》དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལས་ཀ་ལག་བསྟར་དང་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ལམ་ལུགས་ཀྱི་གཅུན་ནུས་དང་དབང་གྲགས་རང་བཞིན་འདོན་སྤེལ་ཏན་ཏིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། “འདུ་ཤེས་གསུམ”གྱི་སློབ་གསོ་སྤེལ་རྒྱུ་ནི་ཆོས་ལུགས་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གྱི་བྱེད་ཐབས་གལ་ཆེན་དང་དམ་འཛིན་བྱ་གཞི་ནུས་ལྡན་ཞིག་རེད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་ལྷག་དོན་དུ་འཐབ་ཕྱོགས་གཅིག་གྱུར་སྡེ་ཚན་གྱིས་བསམ་བློ་དང་ངོས་འཛིན་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བཀོད་སྒྲིག་ཐོག་སྔར་བས་གཅིག་གྱུར་ཡོང་བར་བྱེད་པ་དང་། བརྟན་ལྷིང་གཙོར་བཟུང་མཐའ་འཁྱོངས་བྱེད་པ། བྱེད་ཐབས་དང་བྱེད་སྟངས་ལ་སྣང་ཆེན་བྱེད་པ། བླ་མ་སྐྱེས་ཆེན་གྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། རྒྱ་ཆེའི་གྲྭ་བཙུན་ཚོས་གོ་ཐུབ་པའི་སྐད་ཆ་དང་། ལྟ་འདོད་ལ་ཉན་སྤྲོ་བའི་བྱེད་ཐབས། ཞུགས་བདེ་བའི་རྣམ་པ་བཅས་ལ་བརྟེན་ནས། “རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་སློབ་གསོ་གཏིང་ཟབ་དང་ཏན་ཏིག་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས། ཆོས་ལུགས་ལས་དོན་གྱི་ཆོས་ཉིད་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ་དང་། མི་ཚོགས་དང་ཚོགས་པ་མི་འདྲ་བར་དམིགས་པ། རིགས་དབྱེ་མཛུབ་ཁྲིད་དང་། གནད་སྨིན་ཇུས་འདོན། རྒྱུན་མཐུད་སྐུལ་འདེད་གཏོང་བ། “འདུ་ཤེས་གསུམ”རྒྱ་ཆེའི་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ཚོའི་སེམས་ནང་གཏིང་ཟབ་ཟུག་པར་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དངོས་འབྲེལ་བརྟན་པོ་འཛུགས་པ་བཅས་བྱས་ནས། ཏང་གི་ཆོས་ལུགས་ལས་དོན་གྱི་མཛད་ཕྱོགས་དང་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་ཙམ་མ་ཟད་ཕན་འབྲས་དངོས་ཐོན་པའི་འགན་ལེན་ཏན་ཏིག་བྱེད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།