དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་ཡིས་ལྷོ་ཁ་དང་ཉིང་ཁྲི་ཆབ་མདོར་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-26

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ལྷོ་ཁ་དང་། ཉིང་ཁྲི། ཆབ་མདོ་བཅས་ཀྱི་རྫོང་དང་ཆུས་13དུ་ཕེབས་ནས། སྐྱེ་ཁམས་སྲུང་སྐྱོང་དང་། ཆུ་གློག་གསར་སྤེལ། ཁྱད་ལྡན་ཐོན་ལས། གྲོང་གསེབ་དར་རྒྱས། མཐའ་མཚམས་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་མ་ཟད། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་ཡང་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་ཡར་ཀླུང་གཙང་པོ་དང་། རྫ་ཆུ། འབྲི་ཆུ་བཅས་བརྒྱུད་ཀྱི་ནུས་རྒྱུ་གཙང་མ་གསར་སྤེལ་དང་བེད་སྤྱོད་བྱས་ཚུལ་ལ་ཕྱོགས་ཡོངས་ནས་མཁྱེན་རྟོགས་གནང་ཞིང་། ཁོང་གིས་བོད་ཤར་ལྷོའི་ཆུ་གློག་ཐོན་ཁུངས་གསར་སྤེལ་ལ་སྐུལ་འདེད་གཏོང་རྒྱུ་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བའི་འདུ་འགོད་གལ་ཆེན་ཞིག་དང་། “ཐཱན་ཚད་མཐོ་ཤོས”དང“ཐཱན་ཚད་སྙོམ་སྦྱོར”མངོན་འགྱུར་བྱེད་པའི་འདེགས་སྐྱོར་གལ་ཆེན་ཞིག རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་སྐྲུན་པའི་དམ་འཛིན་བྱ་གཞི་ནུས་ལྡན་ཞིག་བཅས་རེད། སྐྱེ་ཁམས་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་དེ་ཆབ་སྲིད་དང་། དཔལ་འབྱོར། སྐྱེ་ཁམས་བཅས་ཀྱི་ཕན་འབྲས་ཕན་ཚུན་གཅིག་གྱུར་ཡོང་བ་བྱེད་དགོས། ས་གནས་ལ་ཕན་བདེ་བསྐྲུན་རྒྱུ་མཐའ་འཁྱོངས་ཀྱིས་ས་གནས་དེ་གའི་ལས་ཞུགས་དང་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་སྣེ་ཁྲིད་བྱས་ཏེ་གློག་ཁང་ཞིག་བསྐྲུན་ནས་ཡུལ་དེ་གའི་མི་སེར་ཕྱུག་འགྱུར་ཡོང་བ་བྱེད་དགོས། ཞི་མཐུན་གཏོད་རྒྱུ་མཐའ་འཁྱོངས་ཀྱིས་གློག་ཁང་མཉམ་སྐྲུན་དང་གྲུབ་འབྲས་མཉམ་སྤྱོད་བྱེད་རིང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ་དང་ཆུ་ཤུགས་གློག་ཁང་དེ“མཐུན་སྒྲིལ་གྱི་གློག་ཁང”དང“བདེ་སྐྱིད་ཀྱི་གློག་ཁང”ཞིག་ཏུ་སྐྲུན་དགོས། ཕྱར་བ་གྲུ་འདེགས་མཐའ་འཁྱོངས་ཀྱིས་སྲིད་གཞུང་གིས་ནུས་ཤུགས་ཡོད་རྒུ་འདོན་པ་དང་ཚང་མས་ཐུན་མོང་འབད་བརྩོན་བྱས་ཏེ་རྒྱལ་ཁབ་ཀྱི“ཐཱན་གཉིས”ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    ས་གནས་ས་ཐོག་ཏུ་ཐོན་ལས་ལ་རྟོག་ཞིབ་གནང་བ་དང་སྐབས་བསྟུན་ངང་དུད་ཚང་དུ་ཕེབས་ནས་དམངས་དོན་མཁྱེན་རྟོགས་གནང་ཞིང་། ས་ཆ་གང་དུ་སླེབས་རིམ་བཞིན་ཡན་ཅིན་ཧའེ་ཡིས་ས་གནས་དེ་གའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་མང་ཚོགས་ཀྱི་དགོས་མཁོ་དང་རེ་སྒུག་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་སྣང་རྫོང་གི་ལོ་ངོ་སྟོང་གི་སྟར་ཁའི་ལྡུམ་ར་སྲུང་སྐྱོང་དང་བེད་སྤྱོད་ཡག་པོ་བྱེད་པ་དང་འབྲེལ། སྟར་ཁའི་སྡོང་ཕྲུག་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། བོད་ཕག་གི་རྒྱུད་བཟང་འདེམས་གསོ་དང་། གཟན་ཆག་ཞིབ་སྤེལ། ཚད་ལྡན་གསོ་ཚགས། ལས་སྣོན་ཞིབ་ཚགས་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་པ། ཐོན་རྫས་གཙོ་བོ་དང་སྣེ་འདྲེན་ཐོན་ལས་གཏོད་པ་བཅས་བྱས་ནས་ས་གནས་དེ་གའི་རྒྱུད་བཟང་གི་ལེགས་ཆ་དེ་དམངས་ཕྱུག་འབབ་འཕར་གྱི“འདེགས་སྐྱོར་ཆེ་ཤོས”སུ་འགྱུར་བ་བྱེད་དགོས། ཉིང་ཁྲི་གྲོང་ཁྱེར་དཀར་ལ་གྲོང་ཚོའི་གྲོང་མི་ཟླ་བ་རྒྱལ་མཚན་གྱི་ཁྱིམ་དུ་ཡན་ཅིན་ཧའེ་ཡིས་ཐབ་ཚང་དང་། གསང་སྤྱོད། སྒོ་ར་བཅས་ལ་གཟིགས་པ་མ་ཟད། སྙིང་གཏམ་ཤོད་རེས་ཀྱང་གནང་ཞིང་། ཁོང་གིས་ཚང་མ་འཚོ་བ་ཡག་པོ་སྐྱེལ་རྒྱུ་བྱུང་བས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་བཀའ་དྲིན་མི་བརྗེད་པར་དཀར་ལ་གྲོང་ཚོའི་གཏམ་རྒྱུད་ཡག་པོ་ཤོད་པ་དང་བསམ་བློའི་ལས་དོན་མང་ཚོགས་ཀྱི་སེམས་སུ་ཟུག་པར་བྱེད་དགོས། མུ་མཐུད་སྐྱེ་ཁམས་བཟང་པོར་བརྟེན་ནས་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཡག་པོ་བཏང་སྟེ་མང་ཚོགས་ཀྱི་སྣེ་ཁྲིད་ནས་འཚོ་བ་དེ་བས་ལེགས་པ་སྐྱེལ་ཐུབ་པ་བྱེད་དགོས་ཞེས་བསྟན་གནང་བ་རེད།

    རྒྱལ་ཁབ་ཀྱི་མཐའ་མཚམས་སྲ་བརྟན་དང་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་ལ་དམིགས་ཏེ་ཡན་ཅིན་ཧའེ་ཡིས་སྨན་གླིང་རྫོང་གནས་ཡུལ་ལྷོ་པ་མི་རིགས་ཤང་དུ་བརྟག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་མེས་རྒྱལ་ལ་དགའ་ཞེན་བྱེད་པར་མེས་རྒྱལ་གྱི་ས་ཆ་སྦར་མཐིལ་ཙམ་ལའང་དགའ་ཞེན་བྱེད་དགོས། “གསར་བརྗེའི་ཁང་ཆུང་”གིས་མཚོན་པའི་རླབས་ཆེན་གྱི་རྒྱལ་གཅེས་མཐའ་སྲུང་སྙིང་སྟོབས་ལ་གོ་བ་གཏིང་ཟབ་བླངས་ནས། སྲ་ཞིང་བརྟན་པའི་མཐའ་མཚམས་ཀྱི་གསར་བརྗེའི་ལྕགས་རི་རིང་པོ་བསྐྲུན་ཏེ་མཐའ་མཚམས་སྲ་བརྟན་དང་མཐའ་དར་དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཐུབ་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།