དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-26

    ◆ སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

    ཚེས་24ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་དང་རང་ལྗོངས་ཀྱི་ལག་བསྟར་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པར་ཁས་ལེན་གང་ལེགས་གནང་སྟེ། གྲབས་གཉེར་དང་སྒྲུབ་གཉེར་གྱི་སྤྱིར་བཏང་མིན་པའི་བརྒྱུད་རིམ་ལ་ཕྱོགས་ཡོངས་ནས་ཕྱིར་དྲན་དང་། གྲབས་གཉེར་དང་སྒྲུབ་གཉེར་གྱི་རྩ་ཆེའི་ཉམས་མྱོང་ཕྱོགས་སྡོམ་གཏིང་ཟབ། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྙིང་སྟོབས་རྒྱས་བཤད་གཏིང་ཟབ་བཅས་གནང་བ་དང་སྦྲགས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཤུལ་བཞག་བེད་སྤྱོད་ཡག་པོ་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བླང་བྱ་ཁ་གསལ་བཏོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ཏེ། དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་དེ་ཉིད“ལམ་གཉིས”ཀྱི་སྙིང་སྟོབས་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ལ་ལོ་རྒྱུས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་རང་འགན་ཐེག་པ་ཁུར་ལེན་ཕོད་པ་བྱེད་པའི་སྐུལ་ལྕག་གཏོང་བ་དང་། དམ་པ་དོན་གཉེར་གྱི་སྤྱོད་ཚུལ་ཐོག་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་གནད་སྨིན་མཐའ་གཅིག་ཏུ་ཡོང་བ་བྱེད་དགོས། རང་ལྗོངས་ཀྱི་ལུས་རྩལ་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཧུར་ཐག་བཏང་སྟེ་དམངས་ཡོངས་ལུས་སྦྱོང་གི་རྒྱལ་ཁབ་འཐབ་ཇུས་དོན་འཁྱོལ་བྱེད་པ་དང་། རི་མ་ཐང་གི་ལུས་རྩལ་དང་གངས་འཁྱག་ལུས་རྩལ་འཕེལ་རྒྱས་གཏོང་བ། ལུས་རྩལ་གྱི་མི་ཆོས་རིག་གནས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་མང་ཚོགས་ལུས་རྩལ་དང་། རྩལ་འགྲན་ལུས་རྩལ། ལུས་རྩལ་ཐོན་ལས། ལུས་རྩལ་རིག་གནས་བཅས་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་ལྔ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་། ཆ་འཕྲིན་ཐོན་ཁུངས་བསྡུ་སྒྲིལ་གཏིང་ཟབ་བྱེད་པར་སྐུལ་འདེད་མྱུར་པོ་གཏོང་བ། སྲིད་གཞུང་གི་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་མ་ལག་འཛུགས་པ་བཅས་བྱས་ཏེ། གྲངས་འཛིན་གྱིས་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་ཡར་རྒྱས། མང་ཚོགས་ཀྱི་འཚོ་བ་བཅས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་ཐུབ་པར་བྱེད་དགོས། རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ནོར་སྲིད་ཀྱི་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་བརྟན་པོ་གཏོང་བ་དང་། རིམ་ཁག་ནོར་སྲིད་ཀྱི་དོན་དབང་དང་གཏོང་སྒོའི་འགན་འཁྲི་གསལ་པོ་བཟོ་བ། ཁུལ་ཁོངས་ཀྱི་རྒྱབ་སྐྱོར་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་མགྱོགས་མྱུར་འཛུགས་པར་ལེགས་སྐྱེས་འབུལ་དགོས། འགོ་ཁྲིད་ལས་བྱེད་པ་ལས་གནས་ནས་བྲལ་སྐབས་ཀྱི་རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་རྩིས་བཤེར་བྱེད་ལམ་ལག་བསྟར་ནན་པོ་བྱས་ཏེ་རིགས་ཁག་གི་ལྟ་སྐུལ་ཕན་ཚུན་ཁྱབ་པ་དང་གཅིག་གྱུར་ཡོང་བར་སྐུལ་འདེད་བཏང་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཁྲིམས་ལྟར་སྐུལ་འདེད་གཏོང་དགོས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་པ་དང་། དངུལ་རྩས་གསར་གཏོད་མ་ལག་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཚན་རིག་དང་མཐུན་པའི་གསར་གཏོད་ལ་ལྕག་སྐུལ་གཏོང་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། ཚན་རྩལ་གསར་གཏོད་ཀྱི་གཏིང་ཤུགས་དང་ཚན་རྩལ་གསར་གཏོད་ཀྱི་གསོན་ཤུགས་སྔར་ལས་ལྷག་པ་འཕེལ་བར་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧའེ་ནན་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་ནི་ཐུགས་བསམ་ཟབ་པ་དང་། གཟིགས་རྒྱང་རིང་བ། དགོངས་པ་གཏིང་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡོད་པས། ང་ཚོར་ལས་དོན་ཁག་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གཏིང་ཟབ་བྱས་ནས། ཁོང་དུ་གཏིང་ཟབ་ཆུད་པ་དང་གོ་བ་ཡག་པོ་བླངས་ཏེ་ཟབ་སྦྱོང་མཐིལ་རྟོགས་ཡོང་ཆེད་ཤུགས་སྣོན་བརྒྱབ་ནས་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་མཐའ་གཅིག་ཏུ་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་སྤྱི་ཡོངས་ཀྱི་འདུ་ཤེས་དང་ཁྱོན་ཡོངས་ཀྱི་འདུ་ཤེས་འཛུགས་པ་དང་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་རྒྱུན་འཁྱོངས་བྱས་ནས་སྤྱི་ཡོངས་ལ་གཟི་བརྗིད་སྣོན་རྒྱུར་འབད་བརྩོན་བྱེད་དགོས། བརྟན་ལྷིང་ལ་སྲུང་སྐྱོང་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་ཉེན་བརྡ་རྒྱུན་གཏོང་གིས་རྟག་ཏུ་དོགས་ཟོན་བྱེད་པ་དང་། ཁྲིམས་ལྟར་བོད་སྐྱོང་མཐའ་འཁྱོངས་བྱེད་པ། ཚན་རིག་ཅན་གྱི་ལམ་སྲོལ་དང་། རྒྱུན་རྣམ་ཅན་དང་ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་ལ་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་རྒྱུན་གཏན་ནས་དམ་འཛིན་དང་གཞི་རིམ་དུ་དམ་འཛིན་ཐུབ་པར་བྱེད་དགོས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་ཤུགས་སྣོན་ཧུར་ཐག་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་པར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོང་དང་། ལྗང་མདོག་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་བཅས་གཅིག་གྱུར་དམ་ཟབ་ཧུར་ཐག་ཡོང་བར་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་ནས་མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་དག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ཏེ། དམ་འཛིན་བྱེད་པ་དང་དམངས་འཚོའི་དོན་དངོས་ཁག་ཡག་པོ་དང་ཏན་ཏིག་བསྒྲུབས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་སྔར་བས་ཟབ་ཏུ་གཏོང་དགོས། ཞིང་རྟེན་འབྲུ་གསོག་དང་རྩལ་རྟེན་འབྲུ་གསོག་མཐའ་འཁྱོངས་ཀྱིས་ས་བོན་ལས་རིགས་དར་རྒྱས་གཏོང་བའི་བྱ་སྤྱོད་དང་ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཞིང་འབྲོག་ལས་སྤུས་ཚད་མཐོ་ལ་ཕན་འབྲས་ཆེ་བ་དང་། ཞིང་འབྲོག་ཁུལ་སྡོད་མལ་དང་ལས་སྒྲུབ་ལ་འཚམ་པ། ཞིང་འབྲོག་མང་ཚོགས་འབྱོར་ཕྱུག་ལྡན་པ་བཅས་ཡོང་བར་སྐུལ་འདེད་གཏིང་ཟབ་གཏོང་དགོས། བསམ་པའི་དཔལ་ཡོན་སྲོལ་གཏོད་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་ཧུར་ཐག་བཏང་སྟེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏོང་དགོས། རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐོག་མཐའ་བར་གསུམ་དུ་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་དམ་འཛིན་ནན་པོ་དང་ཏན་ཏིག་བྱེད་པ་དང་ཁྲིམས་ལྟར་དང་། གནད་དུ་འཁེལ་བ། ཚན་རིག་དང་མཐུན་པ། ནན་ཏན། ཕན་འབྲས་ཆེ་བ་བཅས་མཐའ་འཁྱོངས་ཀྱིས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབས་ནས་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་གི་བདེ་འཇགས་འགན་ལེན་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་2022ལོའི་ལོ་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་གནང་བའི་བཞེད་དོན་གཙོ་བོའི་གཏམ་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། “སྤྱི་ཡོངས་གཉིས”སེམས་ལ་ངེས་པ་དང“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་འཆང་བ་དང་། རང་འགུལ་ངང་བོད་ཀྱི་ལས་དོན་ཁག་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ཁྲོད་འཇོག་པ། བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ།“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་བྱེད་པ། བོད་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན་རྒྱག་པའི་རང་འགུལ་གྱི་བྱ་སྤྱོད་ལ་བརྟེན་ནས་འཕེལ་རྒྱས་ཀྱི་བཀོད་པ་གསར་པར་ཞབས་འདེགས་ཞུ་བ་དང་དེའི་ནང་མཉམ་འདྲེས་ཡོང་བ་བཅས་བྱས་ཏེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕན་འབྲས་དངོས་ལ་བརྟེན་ནས་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཆེད་བོད་ཀྱི་ལེགས་སྐྱེས་འབུལ་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབྱིན་ཇིའི་སློབ་ཆུང་སློབ་མ་ཚོར་སྤྲིངས་པའི་འཕྲིན་ལན་དང་པེ་ཅིང་ཚན་རྩལ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་རྒན་གྲས་ཚོར་སྤྲིངས་པའི་འཕྲིན་ལན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས་མཚོ་བོད་ས་མཐོའི་སྐྱེ་ཁམས་ལ་རིན་ཐང་ཆེ་ཤོས་ལྡན་པ་དང་། སྐྱེ་ཁམས་སྲུང་སྐྱོང་འགན་འཁྲི་ཆེ་ཤོས་ཡིན་པ། སྐྱེ་ཁམས་ལ་གཏིང་ཤུགས་ཆེ་ཤོས་ཡོད་པ་བཅས་ངོས་འཛིན་གཏིང་ཟབ་བྱས་ཏེ་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་འཆར་འགོད་ནང་རང་རྟོགས་ངང་བཞག་ནས་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཧུར་ཐག་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་དགོས། “གསོ་སྐྱོང་དང་། གདན་ཞུ། བེད་སྤྱོད། གཞིས་ཆགས”བཅས་ཀྱི་འདུ་འགོད་ཆེན་པོ་བཞི་ལག་བསྟར་ཤུགས་ཆེན་བྱས་ནས་ཕུལ་བྱུང་ཤེས་ལྡན་མི་སྣ་གཟེངས་སུ་ཐོན་ཐུབ་པའི་ལས་ཀའི་ལམ་སྲོལ་ཧུར་ཐག་ཆགས་པར་བྱས་ཏེ་ཤེས་ལྡན་མི་སྣ་ཤེས་རྟོགས་དང་། ཤེས་ལྡན་མི་སྣར་མཐོང་ཆེན། ཤེས་ལྡན་མི་སྣར་བརྩི་འཇོག ཤེས་ལྡན་མི་སྣ་བཀོལ་སྤྱོད་བཅས་ཀྱི་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་བཏོད་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་ཆེད་སྲ་ཞིང་བརྟན་པའི་ཤེས་ལྡན་མི་སྣའི་རྨང་གཞི་འདིང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཡིག་འབུལ་ཞུ་བཅར་ལས་དོན་སྲོལ་ཡིག》བཀྲམ་པ་དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཡིག་འབུལ་ཞུ་བཅར་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་གང་ལེགས་མཚོན་པ་དང་། དེས་ཡིག་འབུལ་ཞུ་བཅར་ལས་དོན་ཡག་པོ་སྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། 《སྲོལ་ཡིག》སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ནན་ཏན་བྱས་ནས་ཡིག་འབུལ་ཞུ་བཅར་གྱི་ལས་དོན་ཚད་ལྡན་ཅན་དང་། ཁྲིམས་སྐྱོང་ཅན། ལམ་ལུགས་ཅན་བཅས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་སྤྱི་ཚོགས་ཡོངས་སུ་ལས་དོན་སྒྲུབ་དུས་ཁྲིམས་ལ་གཞིགས་པ་དང་། གནས་ཚུལ་འཕྲད་དུས་ཁྲིམས་ཁུངས་འཚོལ་བ། དོན་ཐག་གཅོད་དུས་ཁྲིམས་ལ་བསྟུན་པ། འགལ་ཟླ་ཐུག་དུས་ཁྲིམས་བཞིན་སེལ་བ་བཅས་ཀྱི་ཁྲིམས་སྐྱོང་ཁོར་ཡུག་དང་ཁྲིམས་སྐྱོང་གི་རྣམ་པ་བཟང་པོ་ཞིག་ཧུར་ཐག་གཏོད་དགོས། འགག་སྒོ་མདུན་དུ་སྤོ་བར་སྐུལ་འདེད་གཏོང་བ་དང་། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ལས་དོན་སྒྲུབ་རྒྱུ་མཐའ་འཁྱོངས་བྱེད་པ། བགྲོད་ལམ་ཤར་གཏོང་གང་ལེགས་ཡོང་བར་བྱེད་པ། ཟུར་བལྟས་ལེབ་མཐོང་བྱེད་མཁས་པ། རྐྱང་དཔེ་ཐག་གཅོད་ལ་བརྟེན་ནས་ཐུན་མོང་རང་བཞིན་གྱི་གནད་དོན་ཐག་གཅོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཡིག་འབུལ་ཞུ་བཅར་གྱི་གནད་དོན་ཐོན་ཚད་རྩ་བ་ནས་ཉུང་དུ་གཏོང་དགོས། དྲ་ཐོག་གི་ཡིག་འབུལ་ཞུ་བཅར་ཡག་པོ་བྱས་ཏེ། དྲ་ཐོག་གི་ཡིག་འབུལ་ཞུ་བཅར་གྱི་གནད་དོན་དུས་ཐོག་ཏུ་བདག་སྤྲོད་བྱེད་ཚད་དང་། དུས་བཀག་ལྟར་བསྒྲུབས་ཚད། མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་བཅས་སྔར་བས་མཐོ་རུ་གཏོང་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཡིག་འབུལ་ཞུ་བཅར་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། མང་ཚོགས་ཀྱི་སྣེ་ཁྲིད་དེ་གནད་དོན་ཐག་གཅོད་བྱེད་པ། འགལ་ཟླ་དང་རྩོད་གཞི་དང་མངོན་མེད་རྐྱེན་ངན་གྲལ་བཤེར་དང་འདུམ་འགྲིག་གཏིང་ཟབ་བཅས་བྱས་ཏེ། འགལ་ཟླ་དང་གནད་དོན་དག་གཞི་རིམ་ནས་ཐག་གཅོད་དང་ཐོན་བཟོ་ཡོད་དུས་ནས་སེལ་གང་ཐུབ་བྱེད་དགོས།

    ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་དག་ལ་ཞིབ་འཇུག་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།