དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་རང་ལྗོངས་ཀྱི་མཉམ་སྤྱོད་མཁའ་འགྲུལ་ཐོན་ལས་འཕེལ་རྒྱས་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-25

    2042533_yis_1650816000000_s.jpg

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་མཉམ་སྤྱོད་མཁའ་འགྲུལ་ལས་དོན་གནས་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་སྙན་སེང་གསན་པ་མ་ཟད། ལྷ་ས་གངས་རྒོད་མཉམ་སྤྱོད་མཁའ་འགྲུལ་ཀུང་སིར་བརྟག་ཞིབ་ཀྱང་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་རང་ལྗོངས་ཀྱི་ཁག་དང་པོའི་དམངས་སྤྱོད་ཐད་འཕུར་གནམ་གྲུའི་འཕུར་སྐྱོད་པ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བཞིན་པ། 

    ◆ “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་ཀྱིས་གསར་དར་ཐོན་ལས་རང་འགུལ་ངང་སྐྱེད་སྲིང་ཧུར་ཐག་བྱས་ཏེ་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་མཉམ་སྤྱོད་མཁའ་འགྲུལ་ལས་དོན་སྐོར་གྱི་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་སྙན་སེང་གསན་པ་མ་ཟད། ལྷ་ས་གངས་རྒོད་མཉམ་སྤྱོད་མཁའ་འགྲུལ་ཀུང་སིར་ཕེབས་ནས་བརྟག་ཞིབ་ཀྱང་གནང་ཞིང་། ཁོང་གིས“ཚང་དགོས་པ་གསུམ་དང་ཕན་འདོཌ་པ་གཅིག”མཐའ་འཁྱོངས་བྱས་ཏེ་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་ཐུབ་པ་བཅས་བྱས་ཏེ་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ཚན་རིག་དང་མཐུན་པའི་ངང་ཞིབ་འཇུག་ཇུས་འགོད་དང་། ཧུར་བརྩོན་རང་འགུལ་ངང་གསར་དར་ཐོན་ལས་སྐྱེད་སྲིང་། མཉམ་སྤྱོད་མཁའ་འགྲུལ་ཐོན་ལས་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་འགྲེམས་པང་ལ་ནན་ཏན་ངང་གཟིགས་པ་དང་འབྲེལ་སྙན་སེང་ཞིབ་ཕྲ་གསན་ནས་རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་མཉམ་སྤྱོད་མཁའ་འགྲུལ་ཐོན་ལས་འཆར་འགོད་ཀྱི་གནས་ཚུལ་མཁྱེན་རྟོགས་གཏིང་ཟབ་གནང་བ་རེད། ལྷ་ས་གངས་རྒོད་མཉམ་སྤྱོད་མཁའ་འགྲུལ་ཀུང་སིས་གཙོ་བོ་ཛ་དྲག་རོགས་སྐྱོབ་དང་། སྨན་བཅོས་རོགས་སྐྱོབ། ཁོར་ཡུག་སྲུང་སྐྱོང་། མཁའ་དབྱིངས་ལྟ་སྐོར། ཐག་ཐུང་སྐྱེལ་འདྲེན་སོགས་ཀྱི་མཉམ་སྤྱོད་མཁའ་འགྲུལ་གྱི་ལས་སྒོ་སྤེལ་གྱི་ཡོད་ལ། བོད་རིགས་ཀྱི་འཕུར་སྐྱོད་པ་16དང་གནམ་གྲུ་ཉམས་བཟོ་བྱེད་མཁན་8ཐོག་མར་གསོ་སྐྱོང་བྱས་ཚུལ་མཁྱེན་སྐབས། ཝང་ཅུན་ཀྲེང་གིས་ཚང་མ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་ནས་ཁོང་ཚོའི་ལས་ཀ་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཝང་ཅུན་ཀྲེང་གིས་བོད་ཀྱི་དམངས་སྤྱོད་ཐད་འཕུར་གནམ་གྲུའི་འཕུར་སྐྱོད་པ་ཁག་དང་པོའི་ངོས་ནས་བརྗོད་ན། ཁྱེད་ཚོ་ནི་ལྗོངས་ཡོངས་ཀྱི་མི་དམངས་ཀྱི་སྤོབས་པ་ཞིག་རེད། ཚང་མས་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། རྩལ་ནུས་ཀྱི་ཆུ་ཚད་ཟམ་མི་ཆད་པར་ཆེ་རུ་གཏོང་བ། འཕུར་སྐྱོད་ཀྱི་ལས་འགན་ཚང་མ་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བཅས་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་ལང་ཚོའི་ཉམས་འགྱུར་མངོན་པ་དང་མི་ཚེའི་རིན་ཐང་མངོན་འགྱུར་བྱེད་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    བརྟག་ཞིབ་གནང་རིང་། ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནི་མི་དམངས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་འཕྲལ་མཁོ་ཆེ་ཤོས་ཀྱི་ཁེ་ཕན་གནད་དོན་ཞིག་ཡིན་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་ཀྱི་བཀོད་པ་གསར་པར་མཉམ་འདྲེས་བྱེད་པའི་འདེགས་སྐྱོར་གལ་ཆེན་ཞིག་ཀྱང་རེད། བོད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར། དཔལ་འབྱོར་གྱི་ཕན་འབྲས་ཡོད་དགོས་ལ། དམངས་སེམས་དང་ཆབ་སྲིད་ཀྱི་ཕན་འབྲས་ཀྱང་ཡོད་དགོས། ཀྲུང་དབྱང་གིས་བོད་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ཞིབ་ཚགས་བྱས་ཏེ “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དོན་འཁྱོལ་བྱེད་པར་དམ་པོར་དམིགས་ནས་རྒྱལ་ཁབ་ཀྱིས་བོད་ལ་རྒྱབ་སྐྱོར་བྱེད་པའི་བྱ་ཐབས་ཁག་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་ལས་དོན་ལ་འགྱུར་བ་བྱས་ཏེ་མཉམ་སྤྱོད་མཁའ་འགྲུལ་ཐོན་ལས་འཛུགས་སྐྲུན་ཚད་བརྒལ་སར་བྱེད་པ་དང་འགྲིམ་འགྲུལ་གྱི་འཇུར་མིག་ཚོད་འཛིན་གནད་དོན་ཐག་གཅོད་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱེད་པ། ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ། ལས་གྲྭའི་མྱུར་ཚད་མགྱོགས་སུ་གཏོང་བ། ལོ་ལྟར་གྲུབ་འབྲས་ཐོན་པ་བཅས་བྱས་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ཐོན་ལས་ཀྱི་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་ཐོན་ལས་དང་པོ་ལེགས་སུ་གཏོང་བ་དང་། ཐོན་ལས་གཉིས་པ་སྟོབས་ཆེར་གཏོང་བ། ཐོན་ལས་གསུམ་པའི་སྤུས་ཚད་གོང་མཐོར་གཏོང་བ་བཅས་མཐའ་འཁྱོངས་བྱས་ནས་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་བ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱེད་པ། བོད་ཀྱི་ཁྱད་ཆོས་དང་སྤུས་ལེགས་ཐོན་ཁུངས་ཀྱི་ལེགས་ཆ་དང་དགེ་མཚན་ཆེ་རིགས་ལ་གཞི་ཚུགས་པ། གསར་དར་ཐོན་ལས་སྐྱེད་སྲིང་བྱེད་མགྱོགས་སུ་གཏོང་བ། མཉམ་སྤྱོད་མཁའ་འགྲུལ་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ་གཙོ་གནད་ཚད་བརྒལ་ལ་བརྟེན་ནས་ཁྱོན་ཡོངས་ཀྱི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་དགོས། ཕུགས་ཀྱི་མིག་རྒྱང་དང་། ཚན་རིག་དང་མཐུན་པའི་རྣམ་འགྱུར། དངོས་སྒྲུབ་ཀྱི་སྙིང་སྟོབས་བཅས་ལ་བརྟེན་ནས་མཉམ་སྤྱོད་མཁའ་འགྲུལ་ཐོན་ལས་ཚུད་པའི་གསར་དར་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད་ཡག་པོ་བཟོས་ཏེ་སྲིད་གཞུང་གིས་གཙོ་ཁྲིད་དང་། སྣ་མང་མ་འཇོག ཁྲོམ་རའི་འཁོར་སྐྱོད་བཅས་མཐའ་འཁྱོངས་ཀྱིས་སྤྱི་ཚོགས་ཀྱི་སྟོབས་ཤུགས་རང་ལྗོངས་ཀྱི་མཉམ་སྤྱོད་མཁའ་འགྲུལ་བྱ་གཞག་སོགས་གསར་དར་ཐོན་ལས་འཕེལ་རྒྱས་ནང་ཧུར་ཐག་ཞུགས་པར་ཁྲིད་སྟོན་བྱེད་དགོས། མཁའ་འགྲུལ་གྱི་འཕྲལ་སྡོམ་རོགས་སྐྱོབ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ད་ཡོད་ཀྱི་ཐོན་ཁུངས་ཡག་པོ་སྤྱོད་པ། ཡུན་རིང་འཕེལ་རྒྱས་ལ་སྤྱི་འདོམས། མཉམ་སྤྱོད་མཁའ་འགྲུལ་ཁེ་ལས་ཀྱི་ཆེད་ལས་མཁའ་འགྲུལ་འཕྲལ་སྡོམ་དཔུང་ཁག་འཛུགས་སྐྱོང་ལ་ལྕག་སྐུལ། འཕྲལ་སྡོམ་རོགས་སྐྱོབ་རྟེན་གཞི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་འཕྲལ་སྡོམ་མྱུར་བ་དང་། ནུས་པ་དང་གྲུབ་ཆ་ལུགས་མཐུན། སྟོབས་ཤུགས་ཀྱི་གཞི་ཁྱོན་འཚམ་པ། ཕྱོགས་ཁག་ཧུར་ཐག་ཞུགས་པ་བཅས་ཀྱི་མཁའ་འགྲུལ་འཕྲལ་སྡོམ་རོགས་སྐྱོབ་ཀྱི་སྟོབས་ཤུགས་མ་ལག་ཧུར་ཐག་བསྐྲུན་ཏེ་ནགས་ཚལ་མེ་ཟོན་དང་། མེ་ཟོན་གེགས་སེལ། ཛ་དྲག་རོགས་སྐྱོབ། སྨན་བཅོས་རོགས་སྐྱོབ། གནམ་གྲུས་སོན་གཏོར་ནགས་བཟོ་སོགས་ཐད་ཀྱི་མཉམ་སྤྱོད་མཁའ་འགྲུལ་གྱི་ནུས་པ་དེ་བས་འདོན་སྤེལ་བྱེད་དགོས། འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་བྱས་ནས་བདེ་འཇགས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ལས་སྒོའི་བྱང་ཚད་མུ་མཐུད་མཐོ་རུ་གཏོང་བ། ཚན་རིག་དང་མཐུན་པའི་ངང་དོ་དམ་ཚད་ལྡན་དུ་གཏོང་བ། ལམ་ལུགས་ལག་བསྟར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་བདེ་འཇགས་འཕེལ་རྒྱས་འགན་ལེན་བྱེད་དགོས། དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཐབས་ལམ་མང་པོའི་ཐོག་ནས་ཆེད་ལས་ཤེས་ལྡན་མི་སྣ་དང་ལག་རྩལ་རིགས་གཅིག་མཁས་ཅན་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། དོ་དམ་ཤེས་ལྡན་མི་སྣའི་དཔུང་ཁག་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་ལྷག་པར་དུ་གཞོན་དར་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རང་ལྗོངས་ཀྱི་གསར་དར་ཐོན་ལས་འཕེལ་རྒྱས་གཏོང་བར་ཤེས་ལྡན་མི་སྣའི་འདེགས་སྐྱོར་ནུས་ལྡན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།