ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་དུ་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལས་དོན་ལ་བརྟག་ཞིབ་གནང་བ།
ཚེས་22ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ལྷ་ས་གྲོང་ཁྱེར་གྱི་སྡེ་ཁུལ་དང་ཁྲོམ་གཞུང་དུ་ཕེབས་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་ཆེད་དོན་བརྟག་ཞིབ་གནང་བ་དང་འབྲེལ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲིའང་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་ཁྲེང་ཀོན་ཆུས་རྗེ་འབུམ་སྒང་སྡེ་ཁུལ་དུ་སྡེ་ཁུལ་གྱི་ལས་དོན་མི་སྣ་དང་གཞི་རིམ་གྱི་མི་དམངས་ཉེན་རྟོག་པ་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་སྡེ་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་འགོག་བཅོས་མ་ལག་འཛུགས་སྐྱོང་བྱས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།
◆ ཁྲིམས་ལྟར་བོད་སྐྱོང་མཐའ་འཁྱོངས་ཀྱིས་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་སྟེ་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་འདིང་དགོས།
ཚེས་22ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ལྷ་ས་གྲོང་ཁྱེར་གྱི་སྡེ་ཁུལ་དང་ཁྲོམ་གཞུང་དུ་ཕེབས་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་ཆེད་དོན་བརྟག་ཞིབ་གནང་བ་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འབྲེལ་འཚམས་འདྲིའང་གནང་བ་རེད།
ཝང་ཅུན་ཀྲེང་གིས་ཁྲེང་ཀོན་ཆུས་རྗེ་འབུམ་སྒང་སྡེ་ཁུལ་གྱི་ར་མོ་ཆེ་ཐང་ཆེན་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་དང་བཀོད་འདོམས་བཀོད་གཏོང་ཁང་དུ་ཕེབས་ནས་སྡེ་ཁུལ་གྱི་ལས་དོན་མི་སྣ་དང་གཞི་རིམ་གྱི་མི་དམངས་ཉེན་རྟོག་པ་དང་བྱམས་བརྩེའི་ངང་གླེང་མོལ་གནང་སྟེ། སྒུལ་བདེའི་ཉེན་དོན་མཐའ་སྣེའི་ལས་སྟེགས་འཁོར་སྐྱོད་ངོ་སྤྲོད་གསན་པ་དང་། སྡེ་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་འགོག་བཅོས་མ་ལག་འཛུགས་སྐྱོང་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་མཐའ་འཁྱོངས་བྱས་ཏེ་ཉམས་མྱོང་ཕྱོགས་སྡོམ་དང་ཞན་ཆ་སེལ་བ་དང་། ཉེན་ཟོན་སྔོན་བརྡ་དང་སྔོན་འགོག་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་བཅོས་སྐྱོང་གི་གཙོ་གནད་གཞི་རིམ་དུ་གཤམ་སྒྱུར་བྱེད་པར་སྐུལ་འདེད་གཏོང་བ། གཞི་རིམ་བཅོས་སྐྱོང་སྤྱི་ཚོགས་ཅན་དང་། ཁྲིམས་སྐྱོང་ཅན། རིག་ནུས་ཅན། ཆེད་ལས་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཁྲེང་ཀོན་ཆུས་བདེ་སྐྱིད་སྡེ་ཁུལ་གྱིས“1+N”ཡི་བྱེད་ཐབས་སྤྱད་དེ་ཏང་འཛུགས་སྐྱོང་གིས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་ཁྲིད་སྟོན་བྱེད་པའི་དཔེ་དབྱིབས་གསར་པ་གསར་གཏོད་བྱས་ཏེ་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་། མི་སེམས་གཅིག་སྒྲིལ། ཞི་མཐུན་ལ་སྐུལ་གཏོང་བཅས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད། ཝང་ཅུན་ཀྲེང་དེ་གར་ཕེབས་ནས་ཞབས་ཞུ་ལྟེ་གནས་ཀྱི་ལས་དོན་མི་སྣའི་སློབ་སྦྱོང་དང་ལས་ཀའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། རྒན་གསོའི་ཞབས་ཞུའི་ས་ཚིགས་སུ་སྤྲོ་གསེང་རོལ་རྩེད་བྱེད་བཞིན་པའི་རྒན་རྒོན་ཚོར་བྱམས་བརྩེའི་ངང་ཕྱག་བཏང་གནང་ནས་གཟུགས་གཞི་བདེ་ཐང་གི་གནས་ཚུལ་བཀའ་འདྲི་གནང་སྟེ་ཁོང་ཚོའི་འཚོ་བ་ཉིན་རེ་ལས་མ་འདས་པར་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུས་ཤིང་། ཁོང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་མང་ཚོགས་ཀྱི་ལམ་ཕྱོགས་མཐའ་འཁྱོངས་བྱས་ཏེ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སེམས་ཁུར་བྱེད་པ་དང་ལས་ཀ་བྱེད་སྟངས་དང་བྱེད་ཐབས་ལ་དོ་སྣང་བྱས་ཏེ་གྲོང་མི་རྣམས་ལ་ཞབས་འདེགས་ཡག་པོ་ཞུ་དགོས་པ་དང་། སེམས་ནུས་ཡོད་རྒུ་བཏོན་ནས་མང་ཚོགས་ཀྱི་ལས་དོན་ཞིབ་ཚགས་དང་ཏན་ཏིག་ངང་བསྒྲུབས་ཏེ་དམངས་འཚོའི་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
སྟོད་ལུང་བདེ་ཆེན་ཆུས་ཡབ་མདའ་ཁྲོམ་གཞུང་དུ་ཝང་ཅུན་ཀྲེང་གིས་མི་དམངས་འདུམ་འགྲིག་ཨུ་ལྷན་གཞུང་དོན་ཁང་དང་། མངགས་སྡོད་ཁྲིམས་ར། འགྲོ་ལམ་དང་འགྲིམ་འགྲུལ་གཞི་གཅིག་ཅན་གྱི་འདུམ་འགྲིག་ཁང་། གཉེན་སྒྲིག་ཁྱིམ་ཚང་འདུམ་འགྲིག་ཁང་། ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་བཅས་སུ་ཕེབས་ནས་འགལ་ཟླ་དང་རྩོད་གཞི་སྣ་མང་ཅན་གྱི་འདུམ་འགྲིག་དང་སྐོར་སྐྱོད་ཁྲིམས་ར་བསྡུ་སྒྲིལ་སོགས་ཕྱོགས་བསྡུས་བཅོས་སྒྲིག་གི་གསར་གཏོད་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།
ཁོང་གིས་ཏང་གི་ལས་དོན་གྱི་ཆེས་བརྟན་ཤོས་ཀྱི་སྟོབས་ཤུགས་ཀྱི་འདེགས་སྐྱོར་གཞི་རིམ་དུ་ཡོད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོའི་མངོན་གསལ་དོད་ཤོས་ཀྱི་འགལ་ཟླ་དང་གནད་དོན་ཡང་གཞི་རིམ་དུ་ཡོད། ཡུལ་བབ་དང་བསྟུན་པ་དང་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་སྡེ་ཁུལ་བཅོས་སྐྱོང་བྱེད་སྟངས་གསར་གཏོད་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་། སྡེ་ཁུལ་བཅོས་སྐྱོང་བྱེད་སྟངས་འཐུས་སྒོ་ཚང་དུ་གཏོང་བ། གྲངས་གཞི་ཆེ་མོ་དང་རིག་ནུས་དོ་དམ་མ་ལག་གི་ནུས་པ་འདོན་སྤེལ་བཅས་བྱས་ནས་སྤྱི་ཚོགས་བཅོས་སྐྱོང་ཞིབ་ཚགས་ཅན་གྱི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད།
བརྟག་ཞིབ་གནང་རིང་། ཝང་ཅུན་ཀྲེང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་གཞི་རིམ་བཅོས་སྐྱོང་དེང་རབས་ཅན་ལ་ཤུགས་སྣོན་རྒྱག་དགོས་པའི་སྐོར་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ནས་ང་ཚོས་གཞི་རིམ་བཅོས་སྐྱོང་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་། རྩ་བའི་གཞི་འཛིན་ས་མཁོ་འདོན། སྒུལ་ཤུགས་ཆེན་པོ་བསྣན་པ་བཅས་གནང་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་དོན་གཉེར་བྱེད་པ་དང་། བཅོས་སྐྱོང་ལ་དམ་འཛིན་བྱེད་པ་ནི་ཞི་མཐུན་ལ་སྐུལ་འདེད་གཏོང་བ། ཞབས་ཞུར་དམ་འཛིན་བྱེད་པ་ནི་མི་སེམས་གཅིག་སྒྲིལ་བྱེད་པ་བཅས་ཀྱི་འདུ་ཤེས་བཙུགས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བློ་བརྟན་འགྱུར་མེད་ངང་དོན་ཐོག་ཏུ་མཐའ་གཅིག་ཏུ་འཁྱོལ་བ་བྱེད་དགོས།
ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་ལས་ཀའི་འགན་འཁྲི་ནན་དུ་བཏང་ནས་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། ཁྲིམས་ལྟར་བོད་སྐྱོང་མཐའ་འཁྱོངས་ཀྱིས་ཐོག་མཐའ་བར་གསུམ་དུ་རྒྱུན་རྣམ་ཅན་དང་ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་ལ་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་རྒྱུན་གཏན་དང་གཞི་རིམ་དུ་སྤེལ་ཏེ་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་དང་། ཁྲིམས་ལྟར་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བཅས་འཐུས་སྒོ་ཚང་དུ་བཏང་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལས་དོན་གྱི་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་སྔར་བས་ཆེ་རུ་གཏོང་བ་དང་བྱེད་པོའི་འགན་འཁྲི་དང་ཁོངས་གཏོགས་ཁུལ་གྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ཏེ་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་མུ་མཐུད་དག་ཐེར་བྱས་ནས་གཞི་རིམ་ཏང་རྩ་འཛུགས་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་འགྱུར་བྱེད་པ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། མཐའ་མཚམས་ཀྱི་མངའ་ཁོངས་སྲུང་བ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་བཅས་སུ་འགྱུར་བ་བྱེད་དགོས་ཞེས་བསྟན་གནང་བ་རེད།
གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་། རང་འགུལ་ངང་གནད་དོན་གསར་པ་ཐག་གཅོད། ལམ་སྲོལ་གསར་པ་ཟམ་མི་ཆད་པར་འཚོལ་ཞིབ་བཅས་བྱས་ཏེ་གཞི་རིམ་བཅོས་སྐྱོང་གི་རང་འགུལ་དབང་ཆ་སྟངས་འཛིན་ཡག་པོ་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ལས་ཀའི་ཞན་ཆ་འཚོལ་ཞིབ་གཏིང་ཟབ་བྱས་ཏེ་ཉམས་མྱོང་ཕྱོགས་སྡོམ་དང་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ལས་ཀའི་ཞན་ཆ་སེལ་བ། གནད་དོན་མཉམ་བཅོས་དང་། ལས་དོན་མཉམ་འགུལ། དུས་བདེ་མཉམ་གཏོད་བཅས་ཀྱི་ལས་ཀའི་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་དགོས། སྡེ་ཁུལ་གྱི་རྨང་གཞིའི་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་དྲ་མིག་ཅན་གྱི་དོ་དམ་ཞབས་ཞུ་ལེགས་སུ་གཏོང་བ་དང་། “གཉིས་ལྡན་དུད་སྦྲེལ”གྱི་ལས་དོན་དོན་འཁྱོལ་ཞིབ་ཚགས་བྱེད་པ་དང་གྲོང་སྡོད་དང་དགོན་སྡོད་ཀྱི་བཀོད་པ་ལེགས་སུ་གཏོང་བ། མི་ཚང་མར་འགན་འཁྲི་ཡོད་པ་དང་། མི་ཚང་མས་འགན་འཁྲི་འཁུར་བ། མི་ཚང་མར་ལོངས་སུ་སྤྱོད་རྒྱུ་ཡོད་པ་བཅས་ཀྱི་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་གཅིག་མཐུན་འདུས་གྲུབ་གཏོད་དགོས། མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོ་ལངས་ཏེ་གཞི་རིམ་དང་མང་ཚོགས་ཀྱི་ཁྲོད་དུ་བསྐྱོད་ནས་མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་རྣམས་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱས་ཏེ། “ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་ཧུར་ཐག་སྤེལ་བ་དང་རང་འགུལ་ངང་མདུན་ཕྱོགས་སུ་ཞབས་འདེགས་ཞུས་ཐོག་མི་རིགས་ཁག་གི་མང་ཚོགས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ནང་ཞུགས་མཁན་དང་ཕན་པ་ཐོབ་མཁན་དུ་འགྱུར་བ་བྱེད་དགོས།
ཐོན་ཁུངས་བསྡུ་སྒྲིལ་དང་སྟོབས་ཤུགས་སྤྱི་འདོམས་བྱས་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་མཉམ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས། གཞི་རིམ་ལ་དམ་འཛིན་ཤུགས་ཆེན་དང་རྨང་གཞིར་དམ་འཛིན་ཤུགས་ཆེན་བྱེད་པའི་མངོན་གསལ་དོད་པའི་སྟོན་ཕྱོགས་བཙུགས་ཏེ་གཞི་རིམ་ལ་དེ་བས་མཐོང་ཆེན་དང་གཞི་རིམ་ལ་དེ་བས་ཞབས་འདེགས་ལེགས་པོ་ཞུས་ནས་ཐོན་ཁུངས་ཀྱི་སྟོབས་ཤུགས་གཞི་རིམ་དུ་ཕྱོགས་ཤུགས་དེ་བས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་དགོས། སྡེ་ཁུལ་གྱི་འགན་ནུས་གསར་གཏོད་དང་བསྡུ་སྒྲིལ་བྱས་ཏེ་སྡེ་ཁུལ་ཏང་ཀྲི་པུའུ་ཡིས་ཁྲིད་སྟོན་དང་སྣ་མང་མཉམ་བཅོས་ཀྱི་ལམ་སྲོལ་གསར་གཏོད་བྱས་ཏེ་བྱེད་པོ་ཁག་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ནང་ཞུགས་པའི་ཧུར་སེམས་སྐུལ་སློང་གང་ལེགས་བྱས་ནས་ཁག་བགོས་མཉམ་ལས་བྱེད་དགོས་ལ་གཅིག་མཁས་ནུས་མང་ཡང་ཐུབ་པ་བྱས་ཐོག་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་ལག་ལེན་ཁྲོད་མཉམ་ཤུགས་མཉམ་ལས་དང་སེམས་ཤུགས་གཅིག་སྒྲིལ་བྱས་ཏེ་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་སྒྲིག་སྲོལ་དང་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་དགོས།
གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་དཔུང་ཁག་སྟོབས་ཆེར་གཏོང་བ་དང་བཅོས་སྐྱོང་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས། གཞི་རིམ་བཅོས་སྐྱོང་གི་རྐང་འཛིན་སྟོབས་ཤུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རང་འགན་ཐེག་པ་ཁུར་ལེན་གྱི་འཇོན་ཐང་ཆེ་རུ་གཏོང་བ། བྱ་གཞག་འཕེལ་རྒྱས་ཀྱི་དགོས་མཁོ་སྐོང་ཐུབ་པའི་འཇོན་ཐང་ངོ་མ་སྦྱོང་བ་བཅས་བྱས་ཏེ་བྱས་པའི་རྗེས་དང་འདྲུད་པའི་ཤུལ་ཡོད་པའི་ངར་ཤུགས་དང་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་ཧུར་སེམས་ལ་བརྟེན་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་ལས་དོན་ཁག་ཆད་ལུས་མེད་པར་དོན་འཁྱོལ་དམ་འཛིན་ཡག་པོ་བྱས་ཏེ་ལས་ཀའི་ཕན་འབྲས་ལ་བརྟེན་ནས་ལས་ཀའི་འཇོན་ཐང་དང་ཆུ་ཚད་ལ་ཞིབ་བཤེར་བྱེད་དགོས།
འགན་འཁུར་རྩོམ་སྒྲིག་པ། 尕藏智华
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣