ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ལྷ་སའི་ལྷོ་བྱང་རི་བོ་གཞི་ཁྱོན་ཆེ་བའི་སྔོ་འགྱུར་ལས་གྲྭ་ལག་བསྟར་བྱས་ཚུལ་ལ་བརྟག་ཞིབ་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཇམ་དཔལ་གྱིས་ལྷན་དུ་བརྟག་ཞིབ་གནང་བ་རེད།
དཔྱིད་དཔལ་རབ་ཏུ་བཞད་པའི་དུས། ལྗོན་ཤིང་བཙུགས་ནས་སྔོ་འགྱུར་བྱེད། ལྷ་སའི་ལྷོ་བྱང་རི་བོར་ལྗོན་ཤིང་འདེབས་པའི་བྲེལ་བརྩོན་ཆེ་བའི་རྣམ་པས་ཁེངས། མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་ཚོས་དཀའ་སྤྱད་ངལ་རྩོལ་དང་རྔུལ་ཆུ་བཏོན་ནས་ནུས་ཤུགས་ཡོད་རྒུས་ལྗང་མདོག་འཕེལ་རྒྱས་ཀྱི་རྨང་གཞི་འདིང་བཞིན་ཡོད། “སྡོང་ཕྲུག་རིགས་གང་དག་ཡོད་དམ། ས་བོན་ལ་ཚོད་ལྟའི་ཞིབ་དཔྱད་བྱེད་མྱོང་ངམ” ལྷ་ཀླུ་འདམ་རའི་སྐྱེ་ཁམས་ཉམས་གསོའི་ཁུལ་དང་། ཉང་བྲན་ལུང་ཤུར་གྱི་ཡུག་ཁུལ་གཉིས་པ། དཔལ་སྡིངས་ཤར་ངོས་ཀྱི་ཡུག་ཁུལ་གཉིས་པ་བཅས་སུ་ཡན་ཅིན་ཧའེ་ཡིས་སྡོང་ཕྲུག་ལ་གཟིགས་པ་དང་། སྡོང་ཁུང་དང་ནགས་རིར་གཟིགས་པ། ས་གནས་ས་ཐོག་ཏུ་ཤིང་འཛུགས་ནགས་བཟོའི་ལས་དོན་གྱི་འཕེལ་རིམ་དང་སྡོང་ཕྲུག་སྐྱེ་འཚར་གནས་ཚུལ་མཁྱེན་རྟོགས་བཅས་གནང་ནས་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱི་ལས་དོན་སྙན་སེང་གསན་པ་རེད། ཡན་ཅིན་ཧའེ་ཡིས་ད་དུང་སྤྲོ་སྣང་ཆེན་པོས་ཚང་མ་དང་ལྷན་དུ་གསོམ་ཤིང་གཅིག་བཏབ་གནང་ཞིང་། ཁོང་གིས་ལྷ་སའི་ལྷོ་བྱང་རི་བོ་སྔོ་འགྱུར་བྱེད་པ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རེ་སྒུག་ཟབ་མོ་ཞིག་ཡིན་པ་དང་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ནི་ང་ཚོའི་འབད་འཐབ་ཀྱི་དམིགས་ཚད་རེད། ཚང་མས་རྒྱུན་སྲིང་ལྷོད་མེད་ངང་ལེགས་སྐྱེས་འབུལ་བ་དང་། སེམས་ཐག་གཙང་བཅད། སེམས་ནུས་གཅིག་སྒྲིལ་བཅས་ཀྱི་སྒོ་ནས་ལས་ཀ་བྱས་ཚེ་འགྲུབ་མི་ཐུབ་པའི་བྱ་བ་མེད་ལ་ལྷ་སའི་ལྷོ་བྱང་རི་བོ་སྔོ་འགྱུར་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ནས་ལྷ་སའི“རྣམ་པ་གསར་རྐྱང་དུ་འགྱུར་བ་བྱ་རྒྱུ”དེ་སྔ་ཙམ་མངོན་འགྱུར་ཡོང་བར་བྱེད་དགོས་ཞེས་མྱོང་ཚོར་ཆེན་པོས་གསུངས་པ་རེད།
བརྟག་ཞིབ་གནང་རིང་ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། ལྷ་སའི་ལྷོ་བྱང་རི་བོ་གཞི་ཁྱོན་ཆེན་པོས་སྔོ་འགྱུར་བྱེད་པ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་གལ་ཆེན་ཞིག་དང་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་བྱ་སྤྱོད་ཀྱི་སྣེ་འདྲེན་ལས་གྲྭ་ཞིག་རེད། ང་ཚོས་ངེས་པར་དུ་དེང་སྐབས་ལ་གཞི་ཚུགས་པ་དང་ཕུགས་ལ་དམིགས་ཏེ་བྱས་རྗེས་དེང་འདིར་འཇོག་པ་དང་ཕན་འབྲས་བསྐལ་བརྒྱར་ཐོན་པའི་དོན་ཆེན་དེ་ཡག་པོ་སྒྲུབ་དགོས། ཡུལ་བབ་དང་བསྟུན་པ་དང་ཆུ་འགྲོ་སྔོན་ལ་བཟོ་རྒྱུ་མཐའ་འཁྱོངས་ཀྱིས་ཆུ་དང་། ས། ལམ། ལྗོན་ཤིང་། ལག་རྩལ། གཡོག་བྱེད་བཅས་ལ་སྤྱི་འདོམས་བྱས་ཏེ་ནགས་བཟོའི་སྤུས་ཚད་ཀྱི་འགག་སྒོ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགག་སྒོ དུས་མཇུག་གི་གཡོག་བྱེད་སྲུང་སྐྱོང་གི་འགག་སྒོ་བཅས་ནན་པོ་བསྲུངས་ནས་ལས་འགན་རེ་རེ་བཞིན་བཀོད་སྒྲིག་བྱས་ཏེ་གནད་དོན་ཐག་གཅོད་བྱེད་པ་དང་། སྡོང་ཕྲུག་རེ་རེ་བཞིན་ཡག་པོ་བཙུགས་ནས་འདེབས་འཛུགས་ཡག་པོ་བྱེད་པ། སྤུས་ཚད་འགན་ལེན་གྱིས་གཏན་འཁེལ་བྱས་པའི་ནགས་བཟོའི་ལས་འགན་ལེགས་སྒྲུབ་བཅས་བྱེད་དགོས། ཆོས་ཉིད་ལ་བརྩི་སྲུང་དང་ཡུལ་བབ་དང་བསྟུན་རྒྱུ་མཐའ་འཁྱོངས་ཀྱིས་ས་གནས་དེ་གའི་ཐོན་ཁུངས་ཡག་པོ་སྤྱོད་པ་དང་། སྡོང་ཕྲུག་གནད་སྨིན་འདེམས་གསོ། གཡེར་མའི་སྡོང་པོ་དང་སྟར་སྡོང་སོགས་དཔལ་འབྱོར་ནགས་ཚལ་མང་ཙམ་འཛུགས་པ་བཅས་བྱས་ཏེ་དཔྱིད་ཀར་མེ་ཏོག་ལ་ལྟ་བ་དང་སྟོན་དུས་འབྲས་བུ་འདོགས་ཐུབ་པ་བྱེད་པ་དང་། ས་སྟོང་ཡོད་ཚད་ལ་ལྗོན་ཤིང་བཙུགས་ཏེ་རི་བོ་སྔོ་ལྗང་ཅན་དུ་འགྱུར་བ་དང་གང་སར་མེ་ཏོག་གིས་ཁེངས་པར་བྱས་ནས་སྐྱེ་ཁམས་མཛེས་པ་དང་མང་ཚོགས་ཕྱུག་འགྱུར་ཡོང་བར་བྱེད་དགོས། དཔྱད་གདེང་ལམ་སྲོལ་དང་ལྕག་སྐུལ་སྲིད་ཇུས་བེད་སྤྱོད་ཡག་པོ་བྱས་ནས་བསྔགས་བརྗོད་བྱེད་དགོས་རིགས་ལ་བསྔགས་བརྗོད་དང་། བྱ་དགའ་སྤྲོད་དགོས་རིགས་ལ་བྱ་དགའ་སྤྲོད་པ། བརྡ་ཁྱབ་གཏོང་དགོས་རིགས་ལ་བརྡ་ཁྱབ་བཏང་ནས་བྱས་རྗེས་ལ་དཔྱད་བསྡུར་བྱས་ཏེ་བྱ་དགའ་སྤྲོད་པ་དང་བྱ་དགའ་ཆད་གཅོད་ཀྱི་དབྱེ་མཚམས་གསལ་པོ་བཟོས་ནས་ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་སྐོང་འཐེན་གང་ལེགས་བྱས་ཐོག“སྔོ་ལྗང་གིས་བསྐོར་བའི”མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཤིག་ཐུན་མོང་ཐོག་གཏོད་དགོས། ལྷོ་བྱང་རི་བོའི་སྔོ་འགྱུར་འདུ་འགོད་ཀྱི་འབྲེལ་ཡོད་བརྙན་པར་དཔྱད་གཞི་འཚོལ་བསྡུ་དང་ཉར་ཚགས་ཡག་པོ་བྱས་ཏེ་ལྷོ་བྱང་རི་བོ་སྔོ་འགྱུར་གྱི“ནགས་ཚལ་ལོ་རྒྱུས་ཁང”ཇུས་འགོད་བྱས་ནས་སྤྱི་ཚོགས་གསར་རྙིང་བསྡུར་བ་དང་། ནགས་བཟོའི་གཏམ་རྒྱུད་ཡག་པོ་ཤོད་པ། སྐྱེ་ཁམས་སློབ་གསོ་གཏིང་ཟབ་གཏོང་བ་བཅས་བྱས་ཐོག་མི་ཚང་མས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ལག་ལེན་བསྟར་མཁན་དང་སྐུལ་འདེད་གཏོང་མཁན་ཞིག་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས།