དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་ཡིས“དངོས་སྒྲུབ་ལ་མཐོང་ཆེན་དང་། དོན་འཁྱོལ་ལ་དམ་འཛིན། ཕན་འབྲས་ཐོན་པ”བཅས་ཀྱི་ཀྲུའུ་ཞིའི་ངོ་འཕྲད་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-19

    ཚེས་15ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི“དངོས་སྒྲུབ་ལ་མཐོང་ཆེན་དང་། དོན་འཁྱོལ་ལ་དམ་འཛིན། ཕན་འབྲས་ཐོན་པ”བཅས་ཀྱི་ཀྲུའུ་ཞིའི་ངོ་འཕྲད་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག་ཀྲུའུ་ཞི་གཞོན་པ་རྣམ་པས་དུས་ཚིགས་དང་པོའི་གཙོ་གནད་ལས་དོན་གྱི་འཕེལ་རིམ་དང་། དེ་བཞིན་དུས་ཚིགས་རྗེས་མའི་འཆར་གཞི་སྙན་སེང་ཞུས་པ་དང་འབྲེལ་བསམ་འཆར་དང་གྲོས་འགོ་ཡང་བཏོན་གནང་བ་དང་། ཚོགས་འདུའི་ཐོག་ད་དུང་རང་སྐྱོང་ལྗོངས་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་བསྒྲུབ་རྒྱུར་སྤྲད་པའི་དོན་གནད་ལ་ལྟ་ཞིབ་དང་དོན་འཁྱོལ་བྱས་ཚུལ་གསན་པ་རེད། ཚོགས་འདུའི་ཐོག་ལམ་ལུགས་དེ་མཐའ་འཁྱོངས་ཡག་པོ་བྱས་ཏེ་དུས་བཀག་ཐོག་ངོ་འཕྲད་ཚོགས་འདུ་འཚོགས་ནས། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྔར་བས་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

    ཡན་ཅིན་ཧའེ་ཡིས་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཡག་པོ་དང་སྲིད་གཞུང་གི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་དུས་བབ་ལ་ངོས་འཛིན་གསལ་པོ་དང་ཁོང་དུ་ཡང་དག་ཆུད་པ་དང་། ཕྱི་རོལ་གྱི་ཁོར་ཡུག་ཏུ་འགྲན་སློང་ཡོད་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་ཉེན་ཁ་ཡོད་པ། རང་ངོས་འཕེལ་རྒྱས་ཐད་ཞན་ཆ་ཡོད་པ། ལས་བྱེད་པའི་སྤྱོད་ཚུལ་སྔར་བཞིན་ཡག་པོ་མེད་པ་སོགས་ཀྱི་གནད་དོན་ལ་དམིགས་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་། གཙོ་གནད་རྣམ་གྲངས་འཛུགས་སྐྲུན། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། ཁ་དན་ཚིག་གནས་འཛུགས་སྐྱོང་། ཚོང་འགུགས་མ་འདྲེན། ཐོན་ལས་འཕེལ་རྒྱས། ལས་ཞུགས་འབབ་འཕར་སོགས་ཀྱི་ལས་དོན་ལ་དམིགས་ནས་ནད་བརྟག་སྨན་བཅོས་ཀྱིས་ཐབས་ཇུས་གནད་འཁེལ་འདོན་དགོས། གཅིག་ནས་གནད་ལ་འཁེལ་པོས་རྣམ་གྲངས་ལ་དམ་འཛིན་བྱེད་དགོས། འགན་གཙང་འགན་ལེན་ལས་དོན་གྱི་ལམ་སྲོལ་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ་དང་མུ་མཐུད་གཅིག་གཏད་གཅིག་གིས་རྗེས་ཟིན་ཐུབ་པར་བྱས་ནས་ལས་དོན་འགན་འཁྲི་ཅན་དང་གསལ་ཐོ་ཅན་དུ་འགྱུར་བར་བྱས་ཏེ། མིག་གིས་མཐོང་ཐུབ་པའི“འཕེལ་རིམ་དོན་ཚན”ལ་བརྟེན་ནས་སྡེ་ཚན་ལས་དོན་གྱི་རྣམ་གྲངས་རེ་རེ་བཞིན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས། གཉིས་ནས་གནད་ལ་འཁེལ་པོས་དཀའ་གནད་སེལ་དགོས། སྔོན་འཛུགས་རྗེས་གཏོར་དང་གཏོར་འཛུགས་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱས་ཏེ་ནུས་ལྡན་གྱི་ཁྲོམ་ར་དང་འཇོན་ཐང་ཆེ་བའི་སྲིད་གཞུང་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། གློད་སྡོམ་ཟུང་འབྲེལ་དང་གློད་སྡོམ་གལ་ཆེ་མཉམ་འཛིན་གྱིས་ཚན་རིག་དང་མཐུན་ལ་བབ་བསྟུན་གྱི་ཐབས་ཇུས་གནད་ལ་འཁེལ་པོས་བཟོ་བ། འགག་ས་དང་། དཀའ་ས། ན་ས་སེལ་བ་བཅས་བྱས་ཏེ་སྲིད་གཞུང་གི་ལྟ་འདོམས་ཕན་ནུས་ཆེ་རུ་གཏོང་དགོས། གསུམ་ནས་གནད་ལ་འཁེལ་པོས་ཕན་འབྲས་ལ་འདྲི་རྩད་བྱས་ཏེ་ངོ་ཐུག་གདོང་འཕྲད་ཀྱིས་ལས་དོན་ལ་དཔྱད་བརྗོད་བྱེད་དགོས། ཉམས་མྱོང་ལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་དཔྱད་མོལ་བྱ་ཐབས་ཞིབ་འཇུག་དང་བཟོས་ཏེ“གྲུབ་འབྲས་རེའུ་མིག”སྟོན་པ་དང“ངོས་ལེན་ཡི་གེ”མངོན་པ་དང་། འཕེལ་རིམ་སྡུར་བ་དང་། ཕན་འབྲས་དཔྱད་འདེམས། ཧེ་བག་འཚོལ་བ། བྱ་ཐབས་གྲོས་བསྡུར་བཅས་བྱས་ནས། ཐུན་མོང་ཐོག་ལས་དོན་དོན་འཁྱོལ་ཞིབ་ཚགས་ཐུབ་པར་སྐུལ་འདེད་གཏོང་དགོས། བཞི་ནས་གནད་ལ་འཁེལ་པོས་འགན་འཁྲི་རྩད་གཅོད་བྱས་ཏེ་སྤྱོད་ཚུལ་ལ་འགྱུར་ལྡོག་ཏན་ཏིག་གཏོང་དགོས། རྒྱུན་སྲིང་ལྷོད་མེད་ངང་རྒྱུན་དུ་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་ཞིབ་ཕྲ་གཏོང་བ་དང་རིམ་པ་གཅིག་གིས་རིམ་པ་གཅིག་ལ་དམ་འཛིན་བྱས་ནས་དུས་ཐོག་ཏུ་ལྟ་སྐུལ་ཞིབ་བཤེར་དང་གཙོ་གནད་ལས་འགན་དོན་འཁྱོལ་བྱེད་དགོས། སྐུལ་ལྕག་དང་འཆུན་འདོམས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་གྲོང་ཁྱེར་དང་ས་གནས་ཁག་དང་སྡེ་ཚན་ཁག་གི་གཙོ་གནད་ལས་དོན་གྱི་གནད་དོན་གསལ་ཐོ་ཡོངས་བསྒྲགས་བྱས་ཏེ་ལས་དོན་གྱི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།