ཚེས་15ཉིན་གྱི་སྔ་དྲོ“སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་བཙུགས་ནས་དུས་རབས་གསར་པའི་རྒྱལ་ཁབ་བདེ་འཇགས་ཀྱི་གྲུབ་འབྲས་ཚོར་བ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་ཆེད་རྣམ་པ་བཟང་པོ་ཞིག་གཏོད”ཅེས་བརྗོད་དོན་གཙོ་བོར་བྱས་པའི་2022ལོའི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་ལྷ་ས་གྲོང་ཁྱེར་གྱི་གཡུ་ཐོག་ལམ་དུ་སྤེལ་བ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་གིས་བྱེད་སྒོ་སྤེལ་ཡུལ་དུ་བསྐྱོད་དེ་ཞིབ་བཤེར་མཛུབ་ཁྲིད་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་དང་ཅུན་རིམ་པའི་འགོ་ཁྲིད་ཝང་ཅུན་དང་། ཝང་ཡ་ལིན། ངག་དབང་། ཞའོ་ཅན་པིང་བཅས་བྱེད་སྒོར་ཞུགས་པ་རེད།
ལིའུ་ཅང་གིས། རྒྱལ་ཁབ་ཀྱི་བདེ་འཇགས་ནི་རྒྱལ་བདེ་གཞིས་འཇགས་ཡོང་བའི་རྨང་རྡོ་གལ་ཆེན་ཞིག་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཆབ་སྲིད་བདེ་འཇགས་ལྟེ་བར་བྱེད་པའི་རྒྱལ་ཁབ་བདེ་འཇགས་ལས་དོན་ལ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱེད་དགོས། མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས་དང་། སེམས་ཁྲལ་གྱི་འདུ་ཤེས་ཟབ་གཏོང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ། སྲོལ་རྒྱུན་མིན་པའི་བདེ་འཇགས་ལས་དོན་ལེགས་པར་སྒྲུབ་པར་ཚད་མཐོའི་མཐོང་ཆེན། ཉེན་ཁ་ཚབས་ཆེན་སྔོན་འགོག་ཧུར་ཐག་དང་སེལ་ཐབས་བཅས་བྱས་ནས་རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ཡོང་བར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས《རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས》དང་། 《དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས》《སྐྱེ་དངོས་ཀྱི་བདེ་འཇགས་བཅའ་ཁྲིམས》སོགས་དྲིལ་བསྒྲགས་ཀྱི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། ཕྲུ་གུ་ནས་དམ་འཛིན་བྱ་རྒྱུ་དང་གཞོན་ནུ་ལོ་ཆུང་གི་བདེ་འཇགས་སློབ་གསོར་དམ་འཛིན་ཡག་པོ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། “ལོ་ལྔ་ཚན་བརྒྱད་པའི”ཁྲིམས་ལུགས་ཁྱབ་གདལ་ཏན་ཏིག་སྤེལ་བ། དྲིལ་བསྒྲགས་ཀྱི་ཕན་འབྲས་ཆེ་རུ་ཧུར་ཐག་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཀྱི་རྒྱལ་ཁབ་བདེ་འཇགས་འདུ་ཤེས་ཟབ་ཏུ་ཏན་ཏིག་གཏོང་བ་བཅས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བདེ་འཇགས་བརྟན་ལྷིང་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ཁོར་ཡུག་གཏོད་དགོས་པའི་ནན་བཤད་གནང་བ་རེད།