ཚེས་8ཉིན་ནས་ཚེས་13ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ནག་ཆུ་གྲོང་ཁྱེར་དུ་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཚུལ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད། ས་གནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་བཅས་ལ་བརྟག་ཞིབ་གནང་བ་རེད།
བརྟག་ཞིབ་གནང་རིང་། བློ་བཟང་རྒྱལ་མཚན་སྔ་རྗེས་སུ་གསེར་རྙེད་དང་། ཨ་མདོ། སྙན་རོང་། ལྷ་རི་སོགས་ཆུས་དང་རྫོང་གི་ཤང་དང་གྲོང་རྡལ་དང་། སྡེ་ཁུལ། སློབ་གྲྭ སྨན་ཁང་། ཁེ་ལས་སོགས་སུ་ཕེབས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་རེད། ད་དུང་བློ་བཟང་རྒྱལ་མཚན་གྱིས་འབྲོག་དུད་དུ་ཕེབས་ནས་འབྲོག་པའི་ཉེ་འགྲམ་གྱི་དཔེ་མཚོན་དྲངས་ནས་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་63སོང་རིང་བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ལུགས་སྒྲོག་འགྲེལ་གནང་བ་རེད།
བརྟག་ཞིབ་གནང་རིང་། བློ་བཟང་རྒྱལ་མཚན་གྱིས། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། བསམ་བློའི་ངོས་འཛིན་གཅིག་གྱུར་ཡོང་བར་བྱས་ནས་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ། བོད་ཀྱི་ལས་དོན་གྱི“དུས་ལྔ་མཉམ་འཁེལ”གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་གསར་པར་གཞི་ཚུགས་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དེ་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་དང་ཟུང་འབྲེལ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས། མཐའ་ཚད་ཀྱི་བསམ་གཞིག་བརྟན་གཏོང་། སྤྱི་ཚོགས་ཞི་མཐུན་དང་བརྟན་ལྷིང་ལ་ཤུགས་རྐྱེན་ཐེབས་པའི་མངོན་མེད་རྐྱེན་ངན་གྲལ་བཤེར་གཏིང་ཟབ་དང་སེལ་བ། རྨང་གཞི་འདིང་བ་དང་། ཕུགས་ལ་ཕན་པ། དམངས་སེམས་གཅིག་སྒྲིལ་གྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས། སྤྱི་ཚོགས་་ཀྱི་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་དང་། ནག་ཆུའི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ། ལེགས་ཆའི་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བ། ཞིང་འབྲོག་པ་ལས་ཞུགས་འབབ་འཕར་ལ་སྐུལ་འདེད་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་རིང་མི་རིགས་མཐུན་སྒྲིལ་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས། “ཁག་དགུ་ལ་སྤེལ་བའི”ལས་དོན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ཀྱི་དོན་དངོས་དང་དཔེ་མཚོན་སྔོག་འདོན་གཏིང་ཟབ་བྱས་ཏེ། མི་རིགས་ཁག་དང་། ལས་རིགས་ཁག ཕྱོགས་ཁག་བཅས་འཛུགས་གཏོད་ལས་དོན་ལ་གཏིང་ཟབ་ཞུགས་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་སྐུལ་སློང་རྒྱ་ཁྱབ་བྱེད་དགོས། ལས་ཀ་བྱེད་སྟངས་གསར་གཏོད་དང་། ལས་སྟེགས་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་པ། གཞི་རྟེན་བཀོལ་སྤྱོད་ལ་ཤུགས་སྣོན་རྒྱག་པ། 《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》ཕྱོགས་ཡོངས་ནས་ལག་བསྟར། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་ལས་དོན་ཁྱིམ་ཚང་ཀུན་གྱིས་ཤེས་པ་དང་མི་སེམས་ལ་གཏིང་ཟབ་ཟུག་པ་བཅས་བྱས་ཏེ། སྤྱི་ཚོགས་ཡོངས་མཉམ་དུ་ཞུགས་པའི་རྣམ་པ་བཟང་པོ་གཏོད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།