དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-16

    རྩིས་བཤེར་ལྟ་སྐུལ་གྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་སྤུས་ཚད་མཐོ་བའི་རྩིས་བཤེར་ལ་བརྟེན་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

    ཚེས་13ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་རྩིས་བཤེར་ཨུ་ཡོན་ལྷན་ཁང་གིས་2022ལོའི་ཚོགས་འདུ་ཐེངས་དང་པོ་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་རང་སྐྱོང་ལྗོངས་ཏང་ཨུད་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ་རེད།

    ཡན་ཅིན་ཧའེ་དང་། ཁྲེན་ཡུང་ཆི། ཟླ་བ་ཚེ་རིང་། རྡོ་ཐོགས་བཅས་ཚོགས་འདུར་ཞུགས་པ་རེད།

    ཚོགས་འདུའི་ཐོག་རྩིས་བཤེར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཙུང་ལི་ལི་ཁེ་ཆང་གིས་རྩིས་བཤེར་ལས་དོན་སྙན་སེང་གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན། རྒྱལ་ཡོངས་ཀྱི་རྩིས་བཤེར་ལས་དོན་ཚོགས་འདུའི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་དང་། བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”རྩིས་བཤེར་ལས་དོན་འཕེལ་རྒྱས་འཆར་འགོད་ལ་ཞིབ་འཇུག་བྱས་ནས་གྲོས་ཞིབ་གནང་བ་དང་། འདི་ལོའི་རྩིས་བཤེར་གྱི་གཙོ་གནད་ལས་དོན་བཀོད་སྒྲིག་གནང་བ་རེད།

    ཝང་ཅུན་ཀྲེང་གིས་བསྟན་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྩིས་བཤེར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་རྩིས་བཤེར་ལས་དོན་ཐད་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས་ང་ཚོས་རྩིས་བཤེར་ལས་དོན་སྔར་བས་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་དང་ལྷག་པར་དུ་རྩིས་བཤེར་སྡེ་ཚན་གྱིས“གཏན་འཁེལ་གཉིས”ཀྱི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་ལེན་བསྟར་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། རང་རྟོགས་ངང་རྩིས་བཤེར་ལས་དོན་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཁྲོད་བཞག་ནས་ཇུས་འགོད་དང་སྐུལ་འདེད་བཏང་སྟེ་ཏང་གི་ལས་དོན་གྱི་གཙོ་གནད་གང་ཞིག་ལ་དམ་འཛིན་བྱས་ཚེ་རྩིས་བཤེར་གྱིས་དེར་ལྟ་སྐུལ་བྱེད་པ་དང་རྩིས་བཤེར་གྱི་ལྟ་སྐུལ་ནུས་ལྡན་ལ་བརྟེན་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བོད་དུ་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་ཁག་ཏང་ཨུད་རྩིས་བཤེར་ཨུ་ལྷན་དང་རྩིས་བཤེར་སྡེ་ཚན་གྱིས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ཏེ་རྩིས་བཤེར་གྱི་ལྟ་སྐུལ་འགན་འཁྲི་ཏན་ཏིག་སྒྲུབ་པ་དང་། སྲིད་ཇུས་དང་བྱེད་ཐབས་གལ་ཆེན་དོན་འཁྱོལ་དང་། མ་འཇོག་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་དང་གཉེར་སྐྱོང་། དཔལ་འབྱོར་ཉམས་ཉེན་གྱི་མངོན་མེད་རྐྱེན་ངན་གལ་ཆེན། སྲིད་གཙང་ཉེན་ཁ་གལ་ཆེན་དང་དབང་ཆ་བཀོལ་སྤྱོད་གལ་ཆེན་སོགས་ཀྱི་གནད་དོན་གསལ་སྟོན་གཏིང་ཟབ་བྱས་ཏེ།“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”སྐུལ་འདེད་གཏོང་བར་ལྟ་སྐུལ་གྱི་འགན་ལེན་ནུས་ལྡན་བྱེད་དགོས། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྔོན་སྤེལ་ཁུལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་དཔེ་སྟོན་ཁུལ་བཅས་གཏོད་པར་དམིགས་ཏེ་རྩིས་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་དང་། བརྟན་ཞིང་སྐྱོན་བྲལ་གྱི་འཕེལ་རྒྱས་ཁོར་ཡུག རྒྱུན་མཐུད་ཀྱི་སྐྱེ་ཁམས་ཁོར་ཡུག་བཟང་པོ། དར་རྒྱས་བརྟན་ལྷིང་གི་མཐའ་མཚམས་ཁོར་ཡུག་བཅས་ཧུར་ཐག་གཏོད་དགོས། ནོར་སྲིད་ཀྱི་ནོར་དོན་གཏོང་ཡོང་གི་གཙོ་འགན་ལ་དམིགས་ཏེ་རྩིས་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནོར་སྲིད་དང་དཔལ་འབྱོར་གྱི་སྒྲིག་ཁྲིམས་ནན་དུ་གཏོང་བ། སྔོན་རྩིས་ཀྱི་ཕན་འབྲས་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་དམིགས་ཏེ་རྩིས་བཤེར་གྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། “ད་ཡོད་ཀྱི་ནད་གཞི་བཅོས་དགོས་ལ་མངོན་མེད་ཀྱི་ནད་གཞི་སྔོན་འགོག”གི་ནུས་པ་གལ་ཆེན་སྔར་ལས་ལྷག་པར་བཏོན་ནས་ལྟ་སྐུལ་གྱི་ཕན་འབྲས་དངོས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བར་དམིགས་ཏེ་རྩིས་བཤེར་ལ་ཤུགས་སྣོན་བརྒྱབ་ནས་གནད་དོན་གསལ་སྟོན་དང་། དོ་དམ་ཚད་ལྡན། སྒྱུར་བཅོས་གཏིང་ཟབ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་དགོས། “དམངས་འཚོའི་འདུ་འགོད་ཆེན་པོ་བཅུར”དམིགས་ནས་རྩིས་བཤེར་ལ་ཤུགས་སྣོན་བརྒྱབ་སྟེ་མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་རྣམས་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་དང་དམངས་འཚོའི་ཁྱབ་ཁོངས་ཀྱི་གཙོ་གནད་རྣམ་གྲངས་ཀྱི་མ་དངུལ་ལ་རྩིས་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ། ཞིང་འབྲོག་མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་ཙག་ཙིག་གཙོ་གནད་ཐོག་ཞིབ་བཤེར་ཐག་གཅོད་བྱེད་དགོས། ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་བར་དམིགས་ཏེ་རྩིས་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ས་ཁོངས་རང་བཞིན་དང་ཁོངས་གཏོགས་རང་བཞིན་གྱི་ཉེན་ཁ་མི་ཐོན་པའི་མཐའ་ཚད་མཐའ་གཅིག་ཏུ་སྲུང་དགོས། དཔལ་འབྱོར་གྱི་འགན་འཁྲི་དང་རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་ལས་གནས་ལས་བྲལ་བར་རྩིས་བཤེར་བྱེད་ཤུགས་ཆེ་རུ་གཏོང་བར་དམིགས་ནས། ལས་བྱེད་པས་རང་འགན་གཙང་སྒྲུབ་དང་། རང་འགན་ཐེག་པ་འཁུར་ལེན། སྤྱོད་ཚུལ་ལེགས་གཏོང་། དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱེད་པར་སྐུལ་འདེད་གཏོང་དགོས། གནད་དོན་གསལ་སྟོན་དང་ལེགས་བཅོས་བྱེད་པར་དམིགས་ནས་རྩིས་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྩིས་བཤེར་སྙན་ཞུ་དང་སྤྱི་བསྒྲགས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། རྩིས་བཤེར་དང་ལྟ་སྐུལ་མ་ལག་གཞན་དག་གི་མཉམ་ལས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དབང་ཆར་ཚོད་འཛིན་བྱེད་རིང་རྩིས་བཤེར་གྱི་ལྟ་སྐུལ་ནུས་པ་འདོན་སྤེལ་ནུས་ལྡན་བཅས་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས“དག་ཐེར་ལ་དམ་འཛིན་ཡག་པོ་བྱ་རྒྱུ་ནི་རང་འཁྲིའི་ལས་འགན་ཡིན་པ་དང་། དག་ཐེར་ལ་དམ་འཛིན་མ་བྱས་པ་ནི་འགན་ཤོར་ཡིན་པ། དག་ཐེར་ཡག་པོ་མ་བྱས་པ་ནི་འགན་འཛོལ་ཡིན་པ”བཅས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས། རྩིས་བཤེར་དག་ཐེར་གྱི་ཆབ་སྲིད་ཀྱི་འགན་འཁྲི་ཧུར་ཐག་འཁུར་བ་དང་རྩིས་བཤེར་ཁྲོད་ནས་རྩད་ཆོད་པའི་གནད་དོན་དག་ཐེར་གྱི་ལས་དོན་ཏན་ཏིག་སྒྲུབ་དགོས། བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ནས་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་ཧྲུའུ་ཅིས་ས་ཁུལ་དེ་ག་དང་སྡེ་ཚན་དེ་གའི་རྩིས་བཤེར་དག་ཐེར་གྱི་འགན་འཁྲི་བ་ཨང་དང་པོའི་འགན་འཁྲི་ཏན་ཏིག་ཁུར་ཏེ་ལས་དོན་གལ་ཆེན་ལ་རང་ཉིད་ངོ་མས་བཀོད་སྒྲིག་དང་། གནད་དོན་གལ་ཆེན་ལ་རང་ཉིད་ངོ་མས་འདྲི་རྟོག ལྷུ་ཚིགས་གལ་ཆེན་ལ་རང་ཉིད་ངོ་མས་མཐུན་སྦྱོར། གྱོད་གཞི་གལ་ཆེན་ལ་རང་ཉིད་ངོ་མས་སྒྲུབ་སྐུལ་བཅས་བྱས་ནས། གནད་དོན་དག་ཐེར་དོན་འཁྱོལ་ཞིབ་ཕྲ་དང་དོན་འཁྱོལ་ཐུབ་པར་སྐུལ་འདེད་གཏོང་དགོས། དག་ཐེར་དོན་འཁྱོལ་ལ་གང་མགྱོགས་སྐུལ་འདེད་གཏོང་བ་དང་། གཏན་འཁེལ་ཟིན་པའི་དག་ཐེར་གྱི་བྱེད་ཐབས་དང་དག་ཐེར་གྱི་དུས་བཀག་བླང་བྱ་ལྟར་རྣམ་གྲངས་རེ་རེ་བཞིན་དམ་འཛིན་ཏན་ཏིག་བྱས་ཏེ་དོན་དག་རེ་རེ་བཞིན་ལ་རྩིས་ཁྲ་བཤེར་ཏེ་ཐོ་ཁོངས་ནས་སུབ་དགོས། ལྟ་ཞིབ་སྒྲུབ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་དག་ཐེར་བྱེད་ཤུགས་མི་འདང་བ་དང་ལས་ཀ་སྒྲུབ་ཤུགས་མི་འདང་བའི་རིགས་ལ་དུས་ཐོག་ཏུ་སྐོང་འདྲི་དང་བརྡ་ཁྱབ་བཏང་སྟེ་མི་བདེན་རྫུན་སྒྲིག་དང་གཡོ་ཟོལ་སླ་བཅོས་ཀྱི་འགན་འཁྲི་རྩད་གཅོད་ནན་པོ་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གིས་རྩིས་བཤེར་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གཅིག་སྡུད་གཅིག་གྱུར་དང་། ཕྱོགས་ཡོངས་ལ་ཁྱབ་པ། དབང་གྲགས་དང་ལས་ཕྱོད་ཆེ་བ་བཅས་ཀྱི་རྩིས་བཤེར་གྱི་ལྟ་སྐུལ་མ་ལག་གཏོད་པར་སྐུལ་འདེད་གཏོང་བ། སྒྲིག་བཤེར་ལྟ་ཞིབ་དང་། རྩ་འཛུགས་མི་དོན། སྐོར་གཟིགས་ལྟ་ཞིབ་བཅས་དང་དེ་བཞིན་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་དང་ཁྲིམས་འཛིན་ལྟ་སྐུལ་སྦྲེལ་མཐུད་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ལྟ་སྐུལ་གྱི་མཉམ་ཤུགས་ཤིག་ཆགས་པར་བྱེད་དགོས། སྤྱོད་ཚུལ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གནད་དོན་གྱི་ཕྱོགས་སྟོན་དང་། དམིགས་འབེན་གྱི་ཕྱོགས་སྟོན། འབྲས་བུའི་ཕྱོགས་སྟོན་བཅས་མཐའ་འཁྱོངས་དང་། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན། བྱས་པའི་རྗེས་དང་འདྲུད་པའི་ཤུལ་ཡོད་པ་བཅས་བྱས་ཏེ། ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་ཞུན་བརྡར་དང་ལྟ་སྐུལ་གྱི་ཕན་ནུས་ཆེ་རུ་གཏོང་རྒྱུ་ཕན་ཚུན་སྐུལ་སྤེལ་གཏོང་རེས་བྱེད་དགོས། འཇོན་ཐང་ལ་བརྟེན་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་དངོས་ལ་བརྟེན་ནས་དཔའ་བོ་གླེང་ཏེ་ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། འཇོན་ཐང་ཆེ་བ། སྤྱོད་ཚུལ་བཟང་བ་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་རྩིས་བཤེར་དཔུང་ཁག་ཅིག་ཧུར་ཐག་གཏོད་དགོས། སྲིད་གཙང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས་པ་མཐའ་འཁྱོངས་ཀྱིས་རུལ་རྒོལ་གཙང་སྤེལ་གྱི་རྩ་བ་རྟག་ཏུ་དམ་པོར་བཟུང་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རྩིས་བཤེར་ལས་དོན་ལ་སྡེབ་གཅིག་ཏུ་སྐུལ་འདེད་བཏང་སྟེ། དུས་རབས་གསར་པའི་བོད་ཀྱི་རྩིས་བཤེར་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་ནུས་ལྡན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།