དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་རྒྱལ་ཁབ་གློག་དྲའི་ཏུང་ཧྲི་ཀྲང་ཤིན་པའོ་ཨན་བཅས་པ་དང་བཞུགས་མོལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-15

    གློག་དྲ་འཛུགས་སྐྲུན་བྱེད་ཤུགས་དང་བོད་སྐྱོར་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས།

    ཚེས་12ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སིའི་ཏང་ཙུའི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ཤིན་པའོ་ཨན་བཅས་པ་དང་བཞུགས་མོལ་གནང་བ་རེད།

    རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སིའི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་སྤྱི་ཁྱབ་ཅིང་ལི་ཀྲང་ཀྲི་ཀང་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲུང་ཆེ་ཟླ་བ་ཚེ་རིང་བཅས་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།

    ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་བརྟག་ཞིབ་ཚོགས་ཆུང་དང་བཅས་པར་དགའ་བསུ་ཞུས་པ་དང་རྒྱལ་ཁབ་གློག་དྲས་དུས་ཡུན་རིང་པོའི་ནང་བོད་ཀྱི་བྱ་གཞག་ཁག་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཝང་ཅུན་ཀྲེང་གིས་རྒྱལ་ཁབ་གློག་དྲས་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱེད་པ་དེ་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་གློག་དྲ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། ནུས་རྒྱུ་གཙང་མ་གསར་སྤེལ་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱེད་པ། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་འཚོ་ལེགས་གཏོང་འགན་ལེན་སོགས་ཀྱི་ལས་དོན་འབོར་ཆེན་བསྒྲུབས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་གཙོ་སྐྱོང་གནང་བ། མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ། སྐུ་ངོ་མ་བོད་དུ་ཕེབས་ནས་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་པ། “མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་དགོས”ཞེས་པའི་ཕྱག་བྲིས་ཕྱག་བསྟར་མ་གནང་བ། བྱམས་བརྩེའི་ཐུགས་ཁུར་གནང་བ་བཅས་ལས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ལྕག་སྐུལ་ཆེན་པོ་ཐེབས་པ་དང་། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་པ། མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་བ། རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད་ཅེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་གློག་ཤུགས་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་ཡིན་པས། རྒྱལ་ཁབ་གློག་དྲས་བོད་ཀྱི་ལས་དོན་ལ་སྔར་རྒྱུན་བཞིན་དོ་ཁུར་དང་རྒྱབ་སྐྱོར་བྱེད་པ་དང་། གློག་ཤུགས་འགན་ལེན་ལ་ཤུགས་སྣོན་རྒྱག་པ། བོད་དབུས་ཀྱི་གློག་ཤུགས་ཁོངས་གཏོགས་ཀྱི་དཔེ་སྟོན་ཁུལ་གསར་པ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་བཅས་བྱས་ནས་ནུས་རྒྱུ་གཙང་མ་གཞི་ཁྱོན་ཆེན་པོས་གསར་སྤེལ་དང་ཕྱིར་གཏོང་གི་དགོས་མཁོ་སྐོང་བའི་གློག་ཤུགས་གཅིག་སྡུད་ཀྱི་ལས་སྟེགས་བརྟན་པོ་ཞིག་གཏོད་རྒྱུ་དང་། གློག་དྲ་ཨ་མའི་ཁེབས་ཁྱོན་སྔར་བས་ཆེ་རུ་དང་གློག་ཤུགས་སྒྲིག་བཀོད་ཀྱི་ཆ་རྐྱེན་འཐུས་སྒོ་ཚང་དུ་བཏང་ནས་ཐག་རིང་ལུང་ཁུག་གི་ཞིང་འབྲོག་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་གློག་སྤྱོད་ཀྱི་དགོས་མཁོ་ཐག་གཅོད་དང་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་གློག་དང་སོལ་རླངས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུ། སྒྲིག་ཆས་འཁོར་རྒྱུག་དང་བདག་སྐྱོང་གི་ཆུ་ཚད་མཐོ་རུ་དང་འཕྲལ་སྡོམ་ཐག་གཅོད་བྱེད་ནུས་ཆེ་རུ་བཏང་ནས་གློག་བསྒྱུར་གློག་གཏོང་གི་རིན་སྤོར་གཙང་སེལ་དང་ཚད་ལྡན་གྱི་ལས་དོན་ཡག་པོ་བསྒྲུབས་ཏེ་གློག་སྤྱོད་ཀྱི་མ་གནས་དམའ་རུ་གཏོང་བ། རོགས་སྐྱོར་གྱི་ཕུགས་ཕན་ལམ་སྲོལ་ཁག་འཐུས་སྒོ་ཚང་དུ་གཏོང་བ་དང་། ས་གནས་དེ་གའི་སློབ་ཆེན་སློབ་མ་ཧུར་ཐག་བསྡུ་བ། བོད་ལྗོངས་གློག་ཤུགས་ཀུང་སིའི་གཉེར་སྐྱོང་སྤུས་ཚད་དང་ཕན་འབྲས་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱས་ཏེ་བོད་དུ་ཡོད་པའི་ཀྲུང་དབྱང་ཁེ་ལས་ཀྱིས་འགན་འཁྲི་གཙང་སྒྲུབ་ཀྱི་མིག་དཔེ་འདོན་རྒྱུ་བཅས་ཀྱི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཤིན་པའོ་ཨན་གྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་རྟེན་འབྲེལ་ཞུས་པ་རེད། ཁོང་གིས་བོད་ཀྱི་གློག་དྲ་འཛུགས་སྐྲུན་བྱེད་ཤུགས་དང་བོད་སྐྱོར་ལས་དོན་སྤེལ་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། བོད་ཀྱི་གློག་ཤུགས་མཁོ་སྤྲོད་འགན་ལེན་མཐའ་གཅིག་ཏུ་བྱེད་པ། བོད་ལྗོངས་གློག་དྲའི་གྲུབ་ཆ་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་བ། བོད་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། བོད་གློག་ཕྱིར་འདྲེན་ལ་རྒྱབ་སྐྱོར་ཧུར་ཐག་བྱེད་པ། ཞིང་འབྲོག་ཁུལ་ལ་གློག་གཏོང་ཚད་མང་དུ་གཏོང་བ། ལས་ཞུགས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།