ཟླ་4ཚེས་7ནས་9ཉིན་བར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆིས་སྔ་རྗེས་སུ་ལྷོ་ཁ་གྲོང་ཁྱེར་གྱི་གོང་དཀར་དང་། གྲ་ནང་། སྣེ་གདོང་། ཟངས་རི། རྒྱ་ཚ་སོགས་རྫོང་དང་ཆུས་སུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་ནས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཀྲུའུ་ཞི་ཡན་ཅིན་ཧའེ་ཡི་ཚབ་ཞུས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ཕྱོགས་དང་པོའི་ལས་དོན་མི་སྣར་གཟིགས་པ་རེད།
ཁོང་གིས་གསུངས་དོན། མིག་སྔའི་ཛ་དྲག་དང་རྙོག་འཛིང་ཆེ་བའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་ལ་ངོས་འཛིན་གང་ལེགས་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གཞི་རྩར་མུ་མཐུད་དམ་པོར་དམིགས་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་བླང་བྱ་ལག་བསྟར་མཐའ་གཅིག་ཏུ་དོན་འཁྱོལ། འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་མིག་དཔེ་འདོན་པ། “མཐའ་མའི་འགག་གནད”སེལ་ཐབས་བྱེད་པ། “མཐའ་འཁྱོངས་ནི་རྒྱལ་ཁ་ཡིན་པའི”འདུ་ཤེས་འཛུགས་པ། སྤྱིའི་མཛད་ཕྱོགས་དང་སྤྱིའི་ཐབས་ཇུས་ལ་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཇི་མ་ཇི་བཞིན་དོན་འཁྱོལ་བཅས་བྱས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཁག་ཡག་པོ་སྒྲུབ་པར་དམ་འཛིན་ནན་པོ་དང་། དམ་འཛིན་ལྷོད་མེད། དམ་འཛིན་ཏན་ཏིག་བཅས་བྱེད་དགོས།
གོང་དཀར་གནམ་ཐང་དུ་ཁྲེན་ཡུང་ཆིས་གནམ་ཐང་T3གྱི་བབས་ཚུགས་4པ་དང་6པའི་རྒྱལ་ནང་བགྲོད་ལམ་དང་དེ་བཞིན་ཉེན་ཁ་འབྲིང་བ་དང་ཆེ་བའི་མགྲོན་ཁང་དུ་སྡོད་མྱོང་བའི་འགྲུལ་པའི་བརྒྱུད་རིམ་དང་མི་སྣ་ཁག་བགོས་བགྲོད་ལམ་སོགས་ཀྱི་ས་ཁོངས་སུ་ཕེབས་ཏེ་བོད་དུ་ཡོང་མཁན་གྱི་དུས་གཏན་གནམ་གྲུ་དང་མི་འགྲུལ་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། བརྟག་དཔྱད་ཞིབ་བཤེར་དང་ཚ་བ་ལྟ་བ་སོགས་རིམས་འགོག་བྱ་ཐབས་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་ཞིབ་ཕྲ་གནང་བ་རེད། ཁོང་གིས་ཕྱི་ནས་མ་འགོ་བའི་འགག་རྩ་འདིར་དམ་འཛིན་བྱེད་པར་མདུན་ཕྱོགས་ཀྱི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་དང་། བོད་དུ་ཡོང་མཁན་འགྲུལ་པས“ཞིབ་བཤེར་གསུམ་དང་། འདྲི་རྩད་གཉིས། ཚད་ལེན་གཅིག”བཅས་ཀྱི་བླང་བྱ་དོན་འཁྱོལ་ནན་པོ། བོད་དུ་ཡོང་མཁན་གྱི་རེ་ཞུ་དང་ཞིབ་བཤེར་ལ་ཤུགས་སྣོན། ཚན་རིག་དང་མཐུན་པའི་ངང་ཁག་བགོས་ཀྱི་བགྲོད་ལམ་བཀོད་སྒྲིག ཁག་བགོས་དོ་དམ་ཚོད་འཛིན་བྱ་ཐབས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་བོད་དུ་ཡོང་སའི་འགག་སྒོའི་འགོག་སྲུང་འཛིང་རགས་མཐའ་གཅིག་ཏུ་སྲུང་དགོས་པའི་ནན་བཤད་གནང་བ་རེད།
ལྷོ་ཁའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གཅིག་སྡུད་ལོགས་འཇོག་ས་ཚིགས་སུ་ཁྲེན་ཡུང་ཆིས་ས་གནས་ས་ཐོག་ཏུ་སྒྲིག་བཀོད་དང་སྒྲིག་ཆས་འཁོར་སྐྱོད་དང་མི་སྣར་དོ་དམ་དང་ཚོད་འཛིན་བྱས་ཚུལ་ལ་གཟིགས་ཞིབ་གནང་བ་མ་ཟད། ཁག་བགོས་ཐེངས་གཉིས་པ་དང་ལྟ་ཉར་ལས་ཀའི་བརྒྱུད་རིམ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ཚན་རིག་དང་མཐུན་པའི་ངང“ཁུལ་གསུམ་དང་བགྲོད་ལམ་གཉིས”ཚད་ལྡན་བཟོ་བ་དང་སྒོ་རྒྱག་དོ་དམ་དང་ཚོད་འཛིན་གྱི་རྣམ་པ་ཞིག་ཆགས་པར་བྱས་ཏེ་ཕན་ཚུན་འགོ་བ་དང་ཉེན་ཁ་མ་ཐོན་སྔོན་འགོག་ནན་ཏན་བྱེད་དགོས། དངོས་ཟོག་གྲབས་གསོག་ལ་ཤུགས་སྣོན་བརྒྱབ་ནས་ཐོལ་བྱུང་དོན་རྐྱེན་གྱི་འཕྲལ་སྡོམ་སྔོན་ཇུས་དང་དངོས་འཐབ་ནང་སྦྱོང་ལས་དོན་ཡག་པོ་སྒྲུབ་དགོས། ལོགས་འཇོག་མི་སྣར་ཞབས་འདེགས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྨན་དོན་མི་སྣ་བཀོད་སྒྲིག་ལུགས་མཐུན་བྱེད་པ། ལས་རེས་བརྗེ་བའི་ལས་ཀ་ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་བཅས་བྱས་ཏེ་ལོགས་འཇོག་དོ་དམ་དང་ཚོད་འཛིན་གྱི་ལས་དོན་ཁག་ཡག་པོ་ཏན་ཏིག་སྒྲུབ་དགོས་ཞེས་གསུངས་པ་རེད།
ཁྲེན་ཡུང་ཆི་ད་དུང་ལྷོ་ཁ་གྲོང་ཁྱེར་ཧུའུ་པེ་ལམ་ཆེན་ཕྱོགས་སྡུད་མདོང་ལམ་རྣམ་གྲངས་བསྐྲུན་ཡུལ་དུ་ཕེབས་ནས། ལས་ཡུལ་དངོས་སུ་རྣམ་གྲངས་ལས་འགོ་བསྐྱར་ཚུགས་དང་ཨར་པོའི་མྱུར་ཚད་གནས་ཚུལ་ལ་གཟིགས་ཞིབ་གནང་བ་མ་ཟད། ལྷོ་ཁ་གྲོང་ཁྱེར་གྱི་དུས་ཚིགས་དང་པོ་དང་ལོ་ཧྲིལ་པོའི་རྣམ་གྲངས་འཛུགས་སྐྲུན་འཆར་གཞི་དང་མ་འཇོག་གི་གཞི་ཁྱོན་ལ་འདྲི་རྩད་ཞིབ་ཕྲ་ཡང་གནང་ཞིང་། ཁོང་གིས་ཕྱོགས་གཉིས་ནས་དམ་འཛིན་མཐའ་འཁྱོངས་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་ཡག་པོ་བྱེད་པ་དང་དུས་མཚུངས། རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། རྣམ་གྲངས་ཡང་བསྐྱར་ལས་འགོ་འཛུགས་པར་སྐུལ་འདེད་མགྱོགས་པོ་གཏོང་བ། རྒྱལ་ཁབ་ཀྱི་སྲིད་ཇུས་འདེགས་སྐྱོར་གང་ལེགས་སྤྱོད་པ། རྣམ་གྲངས་ཀྱི་རྗེས་སུ་མ་དངུལ་གཏོང་རྒྱུ་མཐའ་འཁྱོངས། དངོས་རྫས་ཀྱི་ལས་དོན་དེ་བས་མང་བ་སྒྲུབ་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས་པའི་ནན་བཤད་གནང་བ་རེད།