དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-11

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་བཀོད་སྒྲིག་ཁག་དམིགས་སར་དོན་འཁྱོལ་ཡོང་བའི་འགན་ལེན་བྱེད་དགོས།

     ཚེས་8ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ། རང་ལྗོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་བཀོད་སྒྲིག་གནང་བ་དང་། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་དང་ལྗོངས་ཐད་གཏོགས་ཚན་པའི་དཔྱད་ཞིབ་དང་། གཞུང་བཙུགས་སྨན་ཁང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས། ལྗོངས་ཡོངས་ཀྱི་འབྲུ་རིགས་དང་འབྲེལ་བ་ཡོད་པའི་གནད་དོན་གྱི་ཆེད་དོན་སྐོར་གཟིགས་སྐོར་ཞིབ་དག་ཐེར་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་གནང་བ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་བདེ་འཇགས་ཐོན་སྐྱེད་ལས་དོན་ཡག་པོ་སྒྲུབ་དགོས་པའི་ཧ་ཅང་གལ་འགངས་རང་བཞིན་ལ་རྒྱས་བཤད་གཏིང་ཟབ་གནང་བ་དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་གང་ལེགས་མཚོན་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། མཐའ་ཚད་ཀྱི་བསམ་གཞིག་བརྟན་པོ་འཛུགས་པ། ཉེན་ཁའི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ནས། ལྷོད་གཡེང་དང་རྣམ་གཡེང་གི་བསམ་བློ་དང་དམག་འཁྲུག་ལ་སུན་སྣང་བྱེད་པའི་བསམ་བློ་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ་དང་། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་དང་། དམ་འཛིན་ཞིབ་ཚགས། དམ་འཛིན་ཡག་པོ་བཅས་བྱས་ཏེ། བྱ་སྤྱོད་དངོས་དང་ལས་ཀའི་གྲུབ་འབྲས་ལ་བརྟེན་ནས“སྲུང་སྐྱོང་གཉིས”ལག་ལེན་བསྟར་དགོས།

    ཝང་ཅུན་ཀྲེང་གིས་གསུངས་དོན། གཞུང་བཙུགས་སྨན་ཁང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་ཐང་དང་བདེ་རྩ་དང་འབྲེལ་བ་ཡོད་ལ། བདེ་ཐང་བོད་ལྗོངས་ཀྱི་བྱ་གཞག་གི་སྤྱི་ཡོངས་དང་ཡང་འབྲེལ་བ་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་དང་། ལྷག་པར་དུ་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱིས་མི་དམངས་ཀྱི་བདེ་ཐང་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་སྨན་བཅོས་དང་སྔོན་འགོག་མཉམ་འབྲེལ་དང་། སྤྱིར་བཏང་དང་དོས་དྲག་ཟུང་འབྲེལ། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་གལ་ཆེ་མཉམ་དུ་འཛིན་པ་བཅས་མཐའ་འཁྱོངས་བྱས་ནས་བོད་ཀྱི་གསོ་བ་རིག་པ་གསར་གཏོད་དང་འཕེལ་རྒྱས་བཏང་ནས་མ་ལག་གསར་གཏོད་དང་། ལག་རྩལ་གསར་གཏོད། མ་དཔེ་གསར་གཏོད། དོ་དམ་གསར་གཏོད་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། འཕྲོད་བསྟེན་དང་བདེ་ཐང་གི་ཐོན་ཁུངས་ཁག་གཞི་རིམ་དང་ཞིང་འབྲོག་ཁུལ་ལ་གཟིགས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་དང་ས་ཁུལ་བཅས་དབར་གྱི་གཞི་རྩའི་འཕྲོད་བསྟེན་དང་བདེ་ཐང་ཞབས་ཞུའི་ཧེ་བག་ཆུང་དུ་ཧུར་ཐག་གཏོང་དགོས། ཁ་གཏད་རོགས་སྐྱོར་སྨན་ཁང་གི་ལག་རྩལ་ཤེས་ལྡན་མི་སྣ་དང་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་རིགས་གཅིག་མཁས་ཅན་གྱི་ནུས་པ་བཏོན་ནས། སྨན་ཁང་གི་སྨན་བཅོས་ཆུ་ཚད་མཐོ་རུ་གཏོང་ཆེད་ལེགས་སྐྱེས་འབུལ་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། འབྲུ་རིགས་ནི་རྒྱལ་ཁབ་ཀྱི་ལས་དབང་དང་མི་དམངས་ཀྱི་འཚོ་བ་དང་འབྲེལ་བ་ཡོད་པ་དང་། འབྲུ་རིགས་བདེ་འཇགས་ནི་རྒྱལ་ཁབ་བདེ་འཇགས་ཀྱི་རྨང་གཞི་གལ་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲུ་རིགས་བདེ་འཇགས་འགན་ལེན་བྱ་རྒྱུར་དམིགས་ནས་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ཡོད། འབྲུ་རིགས་དང་འབྲེལ་བ་ཡོད་པའི་གནད་དོན་ལ་ཆེད་དོན་སྐོར་གཟིགས་དང་སྐོར་ཞིབ་བྱ་རྒྱུ་ནི“སྲུང་སྐྱོང་གཉིས”ལག་ལེན་བསྟར་ནས་འབྲུ་རིགས་བདེ་འཇགས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནུས་ལྡན་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་རེད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རྒྱལ་ཁབ་ཀྱི་དཔལ་འབྱོར་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་འགན་ལེན་བྱེད་པའི་འབྲུ་རིགས་བདེ་འཇགས་ཀྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། རང་འགུལ་ངང་ཆབ་སྲིད་ཀྱི་མཐོ་ཚད་དང་། འཐབ་ཇུས་ཀྱི་རིམ་ངོས། བོད་སྐྱོང་དང་། བོད་བརྟན། བོད་དར་བཅས་ཀྱི་སྤྱི་ཡོངས་ལ་དམིགས་ཏེ་འབྲུ་རིགས་བདེ་འཇགས་ཀྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས་ཆེད་དོན་སྐོར་གཟིགས་དང་སྐོར་ཞིབ་ཀྱི་དག་ཐེར་དོན་འཁྱོལ་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས། ཆེས་ནན་ཤོས་ཀྱི་རྨོ་ཞིང་སྲུང་སྐྱོང་ལམ་ལུགས་དོན་འཁྱོལ་བྱས་ཏེ་རྨོ་ཞིང་དང་རྩྭ་ཐང་གི་དམར་ཐིག་ནན་པོ་སྲུང་བ་དང་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལག་བསྟར་ཤུགས་ཆེན་བྱས་ནས། འབྲུ་རིགས་ཐོན་ནུས་འགན་སྲུང་གི་རྨང་གཞི་སྔར་ལས་བརྟན་དུ་གཏོང་དགོས། དེང་རབས་ཀྱི་འདེབས་གསོའི་ལས་རིགས་སྟོབས་ཆེར་གཏོང་བ་དང་། ནས་དང་འབྲི་གཡག་སོགས་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཐོན་སྐྱེད་རྟེན་གཞི་དང་ཐོན་ལས་ཁུལ་ཁག་གཅིག་ཚད་གཞི་མཐོ་པོས་འཛུགས་སྐྲུན་བྱེད་པ། དེང་རབས་ཅན་གྱི་འདེབས་འཛུགས་གསོ་ཚགས་དང་ཞིང་འབྲོག་ཐོན་རྫས་ལས་སྣོན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་བྱས་ནས། ཐོན་ལས་དང་པོའི་གཞི་ཁྱོན་ཅན་དང་། ཐོན་ལས་ཅན། དེང་རབས་ཅན་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ཚན་རྩལ་གྱི་གྲུབ་འབྲས་གཞན་སྒྱུར་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ཁར། ཞིང་འབྲོག་ལས་དང་ཚན་རྩལ་མཉམ་འདྲེས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། མང་ཚོགས་ཀྱིས་ཞིང་ལས་ཚན་རིག་ལག་རྩལ་ཁོང་དུ་ཆུད་པར་བྱེད་པ་དང་། ཐོན་སྐྱེད་ནུས་ཤུགས་སྔར་བས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བ། ཞིང་ལས་ཐོན་སྐྱེད་ཀྱི་ཆུ་ཚད་དང་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས། ཞིང་ལས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་དང་ཞིང་པར་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།