ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་ཤུལ་འཛིན་མཁན་ཡོད་པར་བྱེད་པའི་རྩ་བའི་ཇུས་ཆེན་དམ་འཛིན་ཡག་པོ་བྱས་ནས་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རིག ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་ཧུར་ཐག་བྱེད་དགོས།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་སློབ་གསོའི་ལས་དོན་སྐོར་ལ་མཆན་བཀོད་མཛུབ་སྟོན་གནང་བ་རེད།
ཝང་ཅུན་ཀྲེང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་སློབ་གསོའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་འཕྲིན་ཡིག་སྤྲིངས་ནས་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུས་པ། པེ་ཅིང་སློབ་ཆེན་རྒྱལ་སའི་ལྕགས་དང་ངར་ལྕགས་སྨན་ཁང་དུ་དངོས་སྦྱོང་བྱེད་བཞིན་པའི་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་སློབ་མར་འཕྲིན་ལན་སྤྲིངས་གནང་བ་བཅས་ཀྱི་ཐོག་ནས་བོད་ཀྱི་སློབ་གསོའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། 2021ལོར་ལྗོངས་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས་ཐོག་མཐའ་བར་གསུམ་དུ་གཙོ་འཛིན་གྱི་བཀའ་མངགས་ཡིད་ལ་བརྟན་པོར་བཅངས་ཁར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། ཏང་གིས་སློབ་གསོའི་ལས་དོན་ལ་འགོ་ཁྲིད་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ཅིང་། ཆབ་སྲིད་ཐོག་ནས་སློབ་གསོར་ལྟ་སྟངས་འཛིན་པ་དང་། དམངས་འཚོའི་ཐོག་ནས་སློབ་གསོར་དམ་འཛིན། ཆོས་ཉིད་ཐོག་ནས་སློབ་གསོ་གཉེར་སྐྱོང་བཅས་མཐའ་འཁྱོངས་དང་སློབ་གསོ་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་སུ་བཏང་ནས་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱས་པར་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་པ་དང་། རིམ་པ་ཁག་དང་རིགས་ཁག་གི་སློབ་གསོ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ནས་བོད་ཀྱི་བྱ་གཞག་ཁག་འཕེལ་རྒྱས་ལ་ཤེས་ལྡན་མི་སྣའི་འདེགས་སྐྱོར་དང་རིག་སྟོབས་ཀྱི་འགན་ལེན་ཐུབ་ཡོད་ཅེས་བསྟན་གནང་བ་རེད།
ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་ལྷག་པར་དུ་སློབ་གསོའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ཚན་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། སློབ་གསོའི་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བློ་བརྟན་འགྱུར་མེད་ངང་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “སྲུང་སྐྱོང་གཉིས”བྱ་རྒྱུ་སློབ་གསོའི་ལས་དོན་གྱི་ཕྱོགས་གང་ས་ཅི་ཐད་ལ་དོན་འཁྱོལ་བྱེད་པ། ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། ཤུལ་འཛིན་མཁན་ཡོད་པར་བྱེད་པའི་རྩ་བའི་ཇུས་ཆེན་ལ་དམ་འཛིན་ཡག་པོ་བྱེད་པ། “མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། གསོ་སྐྱོང་ཇི་ལྟར་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པ”བཅས་ལ་དམིགས་པ། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་བྱས་ནས་རང་འགུལ་ངང་གནད་དོན་གསར་པ་ཐག་གཅོད་བྱེད་པ། སློབ་ཞུགས་གོང་གི་སློབ་གསོ་ཁྱབ་གདལ་དང་ཀུན་ཕན་དང་། རྫོང་ཁོངས་འོས་འགན་སློབ་གསོ་སྤུས་དག་དོ་མཉམ་ངང་འཕེལ་རྒྱས། མཐོ་འབྲིང་དཀྱུས་མའི་ཁྱད་ཆོས་སྣ་མང་འཕེལ་རྒྱས། ལས་རིགས་སློབ་གསོ་གཞན་སྒྱུར་འཕེལ་རྒྱས། མཐོ་རིམ་སློབ་གསོ་གོ་དོན་ཅན་དུ་འཕེལ་རྒྱས་བཅས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་བཅས་བྱས་ཏེ། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རིག ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་ཧུར་ཐག་བྱས་ནས“དོན་ཆེན་བཞི”དོན་འཁྱོལ་བྱེད་པ་དང་།“འཛུགས་གཏོད་བཞི”ལ་སྐུལ་འདེད་གཏོང་བ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ། ལེགས་སྐྱེས་གསར་པ་དེ་བས་ཆེ་བ་ཕུལ་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་ནན་བཤད་གནང་བ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཚེས་7ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སློབ་གསོ་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཚོགས་འདུ་འཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཤེས་ལྡན་མི་སྣའི་ལས་དོན་ཚོགས་འདུའི་དགོངས་དོན་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་སློབ་གསོའི་ལས་དོན་ལ་གནང་བའི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་དང་འབྲེལ་སྙན་སེང་ཉན་པ་མ་ཟད། འདི་ལོའི་གཙོ་གནད་ལས་འགན་བཀོད་སྒྲིག་ཀྱང་བྱས་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དབང་ཧའེ་ཀྲོའུ་དང་ལའེ་ཅའོ་དང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་མོང་ཞའོ་ལིན་དང་ཏུའུ་ཅན་ཀུང་ཚོགས་འདུར་ཞུགས་པ་རེད།
ཚོགས་འདུའི་ཐོག་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། སློབ་གསོའི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་ལ་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། ཏང་གིས་སློབ་གསོའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པའི་རྩ་འཛུགས་ཀྱི་མ་ལག་དང་། ལམ་ལུགས་ཀྱི་མ་ལག ལས་ཀའི་ལམ་སྲོལ་བཅས་འཐུས་སྒོ་ཚང་དུ་གཏོང་བ། འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སློབ་གསོའི་ཁོངས་གཏོགས་ཀྱི་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ཏེ། རང་ལྗོངས་ཀྱི་སློབ་གསོའི་བྱ་གཞག་ཡང་དག་པའི་ཕྱོགས་སུ་མདུན་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། བློ་སྦྱོང་བསླབ་སྐྱོང་རྒྱུན་འཁྱོངས་བྱེད་དགོས་ཤིང་། རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་མི་ལ་སློབ་གསོ་གཏོང་བ་དང་། ཏང་གི་ཕུགས་བསམ་དང་དད་སེམས་ལ་བརྟེན་ནས་གོང་བུ་གཅིག་ཏུ་སྒྲིལ་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བར་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་ཀྱི་འགན་འཁྲི་དང་ལས་འགན་ལ་བརྟེན་ནས་མི་ལ་སྐུལ་མ་གཏོང་བ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟམ་མི་ཆད་པར་བརྟན་དུ་བཏང་ནས་དུས་རབས་ཀྱི་ལས་འགན་ལྕི་པོ་ཕྲག་ཏུ་འཁུར་ཐུབ་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་འབོར་ཆེན་ཞིག་གསོ་སྐྱོང་བྱེད་དགོས། རྨང་གཞི་བརྟན་དུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། སློབ་གསོའི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་གཞི་ནན་ཏན་ངང་འགོད་པ་དང་། མཐོ་རིམ་ཤེས་ལྡན་མི་སྣ“གསོ་སྐྱོང་དང་། འགུག་ཐབས། བེད་སྤྱོད། གཞིས་ཆགས”བཅས་ལ་ཤུགས་སྣོན་རྒྱག་པ། བོད་ཀྱི་ཁྱད་ཆོས་ལྡན་པའི་ལས་རིགས་སློབ་གསོའི་མ་ལག་མགྱོགས་མྱུར་འཛུགས་པ། རང་བྱུང་རིག་པ་དང་། བཟོ་སྐྲུན་རིག་པ། ཞིང་ལས་རིག་པ། གསོ་རིག་སོགས་ཀྱི་ཁ་ཐང་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་བཅས་བྱས་ཏེ། སློབ་གསོ་སྤུས་ཚད་མཐོ་པོས་འཕེལ་རྒྱས་བཏང་ནས་ལྗོངས་ཡོངས་ཀྱི“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”འཐབ་ཇུས་དམིགས་ཚད་མངོན་འགྱུར་བྱ་རྒྱུར་འདེགས་སྐྱོར་དང་འགན་ལེན་བྱེད་དགོས། གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། དགེ་རྒན་གྱི་བསམ་བློ་ཆབ་སྲིད་ཀྱི་ལས་དོན་དང་དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་དང་། དགེ་རྒན་ལ་སེམས་རྩ་འཁོལ་པོས་སེམས་ཁུར། མི་དམངས་མང་ཚོགས་ཀྱི་གླེང་མང་བའི་སློབ་གསོའི་གནད་དོན་སེམས་ནུས་ཡོད་རྒུས་ཐག་གཅོད་བཅས་བྱས་ཏེ། སློབ་གསོའི་བྱ་བ་བཟང་པོ་དང་བྱ་བ་དངོས་མང་ཚོགས་ཀྱི་བློ་ལ་བབ་པ་ཞིག་ཡོང་བ་ཧུར་ཐག་བྱེད་དགོས། འགན་འཁྲི་ནན་དུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། མཐའ་ཚད་ཀྱི་བསམ་བློ་བརྟན་དུ་གཏོང་བ། ཉེན་བརྡ་རྒྱུན་སྒྲོག་དང་དོགས་ཟོན་རྒྱུན་དུ་བྱེད་པ། སློབ་གྲྭའི་བདེ་འཇགས་བརྟན་ལྷིང་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་སྤྱི་འདོམས་བྱེད་པ། དུས་བདེའི་སློབ་གྲྭ་འཛུགས་གཏོད་བྱ་རྒྱུ་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། སློབ་གྲྭ་བདེ་འཇགས་དང་བརྟན་ལྷིང་མཐའ་གཅིག་ཏུ་ཡོང་བའི་འགན་ལེན་བྱེད་དགོས། འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། འགོ་ཁྲིད་ཚོགས་ཆུང་གི་རང་ངོས་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པ་དང་། སྤྱོད་ཚུལ་ལེགས་སུ་གཏོང་བ། དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་བཅས་བྱས་ཏེ། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་རང་སོ་སོའི་ཁྱབ་ཁོངས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་དགོས་པ་དང་ཚད་གཞི་མཐོ་པོ་དང་སྤུས་ཚད་མཐོ་པོས་ལས་འགན་ཁག་ལེགས་སྒྲུབ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།