ཚེས་7ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་རང་སྐྱོང་ལྗོངས་རྩིས་བཤེར་ཐིང་དུ་བརྟག་ཞིབ་གནང་བར་ཕེབས་པ་རེད།
ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་བརྟག་ཞིབ་ལ་ལྷན་དུ་ཞུགས་པ་རེད།
གཏན་འཇགས་རྒྱུ་ནོར་མ་འཇོག་རྩིས་བཤེར་ཁྲུའུ་དང་དཔལ་འབྱོར་འགན་འཁྲི་རྩིས་བཤེར་ཁྲུའུ་རུ་ཡན་ཅིན་ཧའེ་ཡིས་ལས་དོན་སྤེལ་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་དང་འབྲེལ་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཚབ་ཞུས་ནས་རྩིས་བཤེར་ཁོངས་གཏོགས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་ཚོས་དཀའ་སྤྱད་ངལ་རྩོལ་བྱས་པར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཚང་མས་ཆབ་སྲིད་ལ་སྣང་ཆེན་དང་། ཁྱོན་ཡོངས་ལ་སྣང་ཆེན། འགན་འཁྲིར་སྣང་ཆེན། ལེགས་སྐྱེས་ལ་སྣང་ཆེན་བཅས་བྱས་ནས་འབད་བརྩོན་ཧུར་ཐག་དང་རང་འགུལ་ངང་བྱ་སྤྱོད་སྤེལ་ཏེ་ལས་ཀར་ཁྱད་ཆོས་ལྡན་པ་དང་བཀྲག་མདངས་འཚེར་ས་ཡོད་པ་བྱས་ཡོད། ཚང་མས“དོན་ཆེན་བཞི”དང་།“འགན་ལེན་བཞི”“གསར་གཏོད་བཞི”“མདུན་གྲལ་དུ་སླེབས་པ་བཞི”བཅས་ལ་དམིགས་ཏེ་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང“ལམ་གཉིས”ཀྱི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་ནས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་སྤུས་ཚད་མཐོ་ལ་ལས་ཕྱོད་ཆེ་བའི་སྒོ་ནས་རྩིས་བཤེར་ཁྱོན་ཡོངས་ལ་ཁྱབ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
དེ་རྗེས་འཚོགས་པའི་བཞུགས་མོལ་ཚོགས་འདུའི་ཐོག ཡན་ཅིན་ཧའེ་ཡིས་རྩིས་བཤེར་ནི་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། རྒྱལ་ཁབ་ཀྱི་ཆེད་དུ་ཞིབ་བཤེར་དང་དམངས་ཆེད་ཇུས་འགོད་བྱེད་པའི་འགན་འཁྲི་གལ་ཆེན་ཕྲག་ཐོག་ཏུ་འཁུར་ཡོད། “གཏན་འཇགས”ཀྱི་དགོངས་གཞི་མཐའ་འཁྱོངས་ཀྱིས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་ཁྲལ་རིན་གཉིས་གཅོག་སོགས་སྐོར་གྱི་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཏོན་པའི་ལས་ཀའི་བྱ་ཐབས་རབ་དང་རིམ་པར་དམ་པོར་དམིགས་ཏེ། རྗེས་འདེད་རྩིས་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱལ་ཁབ་ཀྱི་མ་དངུལ་ཐད་ཀྱི་སྤྱོད་ཚུལ་ལ་རྩིས་བཤེར་ཡག་པོ་བྱེད་པ་དང་ཁྲོམ་རའི་བྱེད་པོ་བརྟན་པོ་ཡོང་བ་བྱེད་དགོས། “ལས་རྗེས”ཀྱི་གཙོ་གནད་དེ་དམ་འཛིན་བྱས་ནས“དངུལ་བཏང་བར་ངེས་པར་དུ་ཕན་འབྲས་རྩད་གཅོད་དང་ཕན་འབྲས་མ་ཐོན་པར་ངེས་པར་དུ་འགན་འཁྲི་རྩད་གཅོད”བྱ་རྒྱུ་མཐའ་འཁྱོངས་བྱས་ནས་དངོས་ཐོག་བདེན་འཚོལ་དང་ཡུལ་བབ་དང་བསྟུན་ནས་རྩིས་བཤེར་ལྟ་སྐུལ་དང་ཉེན་ཟོན་ཉེན་བརྡའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། རྩིས་བཤེར་གྱི་གྲུབ་འབྲས་བེད་སྤྱོད་གཏིང་ཟབ་བྱེད་པ། རྩིས་བཤེར་གྱི་གནད་དོན་དག་ཐེར་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། སྐྱོན་ཆ་འགོག་པ་དང་སྒྲིག་སྲོལ་ལམ་ལུགས་འཛུགས་རྒྱུར་སྐུལ་འདེད་བཏང་སྟེ་རྩིས་བཤེར་གྱི་རྗེས་མཐུད་ལས་ཀ་གཏིང་ཟབ་དང་ཏན་ཏིག་སྒྲུབ་དགོས། “དམངས་འཚོའི”དམིགས་ཡུལ་བརྟན་དུ་བཏང་སྟེ་དམངས་འཚོའི་གཟིགས་སྐྱོང་སྲིད་ཇུས་དང་ལྷག་དོན་དུ“དམངས་འཚོའི་འདུ་འགོད་ཆེན་པོ་བཅུའི”མ་དངུལ་ལ་རྩིས་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ནོར་སྲིད་མ་དངུལ་སྤྱོད་མཁོ་ཆེ་སར་སྤྱོད་པ་དང་དམངས་འཚོའི་མ་དངུལ་ཆད་ལུས་མེད་པར་དོན་འཁྱོལ་བྱས་ཏེ་སྲིད་གཞུང་གིས་ཟ་མཁས་འཐུང་མཁས་བྱས་ནས་མི་རིགས་ཁག་གི་མང་ཚོགས་འཚོ་བ་ཡག་པོ་ཡོང་བར་བྱེད་དགོས། “ཤར་གཏོང་ཐུབ་པའི”བླང་བྱ་དེ་ནན་དུ་བཏང་ནས་ལྟ་སྐུལ་སྣ་ཚོགས་ནུས་ལྡན་ངང་སྦྲེལ་མཐུད་དང་ཕན་ཚུན་མཐུན་སྦྱོར་ཡོང་བར་སྐུལ་འདེད་བཏང་སྟེ་ལྟ་སྐུལ་ལ་མཉམ་ཤུགས་ཡོད་པ་དང་ཟིལ་ཤུགས་དེ་བས་ཆེ་བ་ལྡན་པར་བྱེད་དགོས། “རང་ངོས”ཀྱི་གཞི་རྩ་དེ་མངོན་གསལ་དོད་པོ་ཡོང་བར་བྱས་ནས“འབྱོར་མེད་གྲལ་རིམ་གྱི་འཛམ་གླིང་ལྟ་བ་ཡོད་པ་དང་ཆེད་ལས་ཤེས་བྱ་དང་ལག་རྩལ་ཡོད་པར”དམིགས་ཏེ་དད་སེམས་བརྟན་པོ་དང་། འཇོན་ཐང་ཆེ་བ། ལས་སྒོ་བྱང་ཆུབ་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་རྩིས་བཤེར་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ་དང་རྩིས་བཤེར་ལས་དོན་སྤུས་ཚད་མཐོ་པོའི་སྒོ་ནས་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།