དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་གཞིས་རྩེ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-08

    d51b0bd4-7c8c-491e-a16f-61a07b89a52a.jpg.jpg

    ཟླ་3ཚེས་31ནས་ཟླ་4ཚེས་4ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གཞིས་རྩེ་གྲོང་ཁྱེར་གྱི་བསམ་གྲུབ་རྩེ་དང་། པ་སྣམ། ས་སྐྱ། གཏིང་སྐྱེས། གམ་པ། གྲོ་མོ། ཁང་དམར། རྒྱལ་རྩེ་སོགས་ཆུས་དང་རྫོང་དུ་ཕེབས་ནས་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་པ་སྣམ་རྫོང་དབང་ལྡན་ཤང་བཟང་པ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་དུ་བཟང་པ་གྲོང་ཚོས་ཏང་འཛུགས་སྐྱོང་གི་ཁྲིད་སྟོན་ནུས་པ་འདོན་སྤེལ་བྱས་ནས་མང་ཚོགས་ཀྱི་སྣེ་ཁྲིད་དེ་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱས་པ་དང་གཞི་རིམ་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་བཏང་བ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།

    8e337ae7-4a7c-4d97-8784-442a71a874f4.jpg.jpg

    ཟླ་3ཚེས་31ནས་ཟླ་4ཚེས་4ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གཞིས་རྩེ་གྲོང་ཁྱེར་གྱི་བསམ་གྲུབ་རྩེ་དང་། པ་སྣམ། ས་སྐྱ། གཏིང་སྐྱེས། གམ་པ། གྲོ་མོ། ཁང་དམར། རྒྱལ་རྩེ་སོགས་ཆུས་དང་རྫོང་དུ་ཕེབས་ནས་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་ཚེ་རིང་ཆོས་སྒྲོན་དང་། ཟླ་སྐྱིད། བུ་ཁྲིད་བཅས་དམག་བཀུར་ཨ་མ་རྒན་མོ་གསུམ་ལ་འཚམས་འདྲི་གནང་བཞིན་པ།

    ◆ བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ“དོན་ཆེན་བཞིར”རྒྱུན་འཁྱོངས་ལྷོད་མེད་ཀྱིས་དམ་འཛིན་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།

    ཟླ་3ཚེས་31ནས་ཟླ་4ཚེས་4ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གཞིས་རྩེ་གྲོང་ཁྱེར་གྱི་བསམ་གྲུབ་རྩེ་དང་། པ་སྣམ། ས་སྐྱ། གཏིང་སྐྱེས། གམ་པ། གྲོ་མོ། ཁང་དམར། རྒྱལ་རྩེ་སོགས་ཆུས་དང་རྫོང་དུ་ཕེབས་ནས་བརྟག་ཞིབ་གནང་ཞིང་། ཁོང་གིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། “དོན་ཆེན་བཞིར”རྒྱུན་འཁྱོངས་ལྷོད་མེད་ཀྱིས་དམ་འཛིན་ཡག་པོ་བྱེད་པ་དང་། “འཛུགས་གཏོད་བཞིར”རྒྱུན་སྲིང་ལྷོད་མེད་ངང་སྐུལ་འདེད་གཏོང་བ། རྩེར་སོན་གཏོད་རྒྱུ་བརྩོན་ལེན་དང་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་བཅས་བྱས་ནས་ཁུལ་ཁོངས་ཀྱི་ལྟེ་གནས་ཕལ་པ་འཛུགས་སྐྲུན་ཧུར་ཐག་བྱེད་པ་དང་། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་གལ་ཆེན་གྱི་རྟེན་ས་བཏོད་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    དཔྱིད་ཟླ་བཞི་པར་སྐྱེ་དངོས་ཐམས་ཅད་གཉིད་ལས་སད་ཅིང་། མྱང་ཆུ་གཙང་པོའི་ཕྱོགས་མཚམས་གང་ས་ནས་སྐྱེ་སྟོབས་ཀྱི་ཉམས་སྣང་ལྷམ་མེར་མངོན་འོང་། བརྟག་ཞིབ་ས་ཚིགས་དང་པོར་ཝང་ཅུན་ཀྲེང་གིས་འབྲེལ་གཏུག་ས་ཚིགས་པ་སྣམ་རྫོང་དབང་ལྡན་ཤང་བཟང་པ་གྲོང་ཚོར་ཕེབས་ཏེ་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཚོར་གཟིགས་པ་རེད། ཝང་ཅུན་ཀྲེང་གིས་གྲོང་མི་བསམ་གྲུབ་ཀྱི་ཁྱིམ་དུ་ཕེབས་རྗེས་ཚོམས་ཆེན་དང་། ཐབ་ཚང་། ཉལ་ཁང་བཅས་ལ་གཟིགས་ཞིབ་གནང་བ་དང་འབྲེལ་བསམ་གྲུབ་ཀྱི་ནང་མི་ཚོ་དང་ལྷན་དུ་ཚོམས་ཆེན་ནང་ཞུགས་ཏེ་ཅི་འཕྲོས་མོལ་འཕྲོས་གནང་ནས་ཁྱིམ་ཚང་གི་ཡོང་འབབ་དང་། བུ་ཕྲུག་གི་སློབ་གསོ། ཐོན་སྐྱེད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། གྲོང་ཚོའི་མཉམ་ལས་ཁང་གི་ཁ་གདན་ཐོན་སྐྱེད་ཀྱི་གཉེར་སྐྱོང་ཕན་འབྲས་ཡག་པོ་ཡོད་པ་མཁྱེན་རྗེས་ཝང་ཅུན་ཀྲེང་གིས་དེ་གར་ཕེབས་ནས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་པད་དབྱངས་དང་གྲོང་ཚོའི་ལས་བྱེད་པར་མང་ཚོགས་ཚོའི་སྣེ་ཁྲིད་དེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ཁྱད་ལྡན་ཐོན་ལས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། ཐོན་ལས་དར་རྒྱས་ལ་བརྟེན་ནས་མང་ཚོགས་ཀྱི་འཚོ་བ་འབྱོར་ཕྱུག་ལྡན་པ་དང་གྲོང་གསེབ་དར་རྒྱས་ཡོང་བ་བྱེད་དགོས་པའི་སྐུལ་ལྕག་བཏང་གནང་བ་རེད།

    རྒྱལ་རྩེའི་རྫོང་རིའི་འདབས་ཀྱི་ཞིང་ཐང་གཤིན་པོར་གྲོང་མི་ཚོས་བྱང་ཆ་དོད་པོས་འཕྲུལ་ཆས་བཀོལ་སྤྱོད་བྱས་ཏེ་རྨོ་འདེབས་བྱེད་བཞིན་ཡོད་པ་རེད། ཝང་ཅུན་ཀྲེང་གིས་ཞིང་ནང་དང་མུ་ཁར་ཕེབས་ཏེ་དཔྱིད་རྨོད་སོན་འདེབས་ཀྱི་གྲ་སྒྲིག་གནས་ཚུལ་ལ་གཟིགས་ཞིབ་གནང་བ་རེད། ལམ་བར་དུ་བརྟག་ཞིབ་གནང་རིང་ཝང་ཅུན་ཀྲེང་གིས་ཇོ་མོ་གླང་མའི་དེང་རབས་ཞིང་ལས་ཚན་རྩལ་གསར་གཏོད་དཔེ་སྟོན་དང་། དཔལ་གཡག་ཁྲེང་ཞིང་འབྲོག་ཐོན་རྫས་ཐོན་སྐྱེད། ཅིང་པོ་ས་གདན་གཉེར་སྐྱོང་། གྲོ་མོའི་ཉ་དང་མོག་རོ་འདེབས་གསོ། ཁང་དམར་གྱི་ཁང་ནོར་ཁྱད་ལྡན་རྡོ་ཆས་ལས་སྣོན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གཏིང་ཟབ་གནང་ཞིང་། ཁོང་གིས་མང་ཚོགས་ཀྱི་ངལ་རྩོལ་རྩལ་ནུས་ཆེ་རུ་གཏོང་བའི་ཐད་ཤུགས་སྣོན་རྒྱག་པ་དང་གཞི་རིམ་དུ་ཞིང་ལས་ཚན་རྩལ་ཁྱབ་གདལ་བེད་སྤྱོད་གཏོང་བར་སྣང་ཆེན་བྱས་ནས་མང་ཚོགས་ལ་དེང་རབས་ཞིང་ལས་ཀྱི་མཁོ་ཆོད་ལག་རྩལ་ཁོང་དུ་ཆུད་པ་དང་། ཕྱུག་འགྱུར་འཇོན་ཐང་ཆེ་རུ་གཏོང་བ། ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བཅས་བྱེད་དུ་འཇུག་དགོས། ཁེ་ཕན་མཉམ་འབྲེལ་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཐོན་སྐྱེད་ཀྱི་རྒྱུ་ཆ་གཙོ་བོ་བཀོད་སྒྲིག་ནུས་ལྡན་བྱེད་པ། མང་ཚོགས་ལས་ཀར་ཧུར་ཐག་འཇུག་པ་བཅས་བྱས་ནས། ཞིང་ལས་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་འགྲོ་བ་དང་། ཞིང་པ་འབབ་འཕར་ཕྱུག་འགྱུར་ཡོང་བ། གྲོང་གསེབ་ཤེས་དཔལ་ཡར་ཐོན་ཡོང་བ་བཅས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་ས་གནས་ས་ཐོག་ཏུ་གྲོ་མོ་རྫོང་གི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལ་གཟིགས་ཞིབ་གནང་བ་དང་། མང་ཚོགས་ཀྱི་ཁྱིམ་དུ་ཕེབས་ནས་མང་ཚོགས་ཀྱི་བསམ་བློ་གཏོང་ས་དང་རེ་སྒུག་བྱེད་ས་མཁྱེན་རྟོགས་གནང་ཞིང་། ཁོང་གིས་ཏང་ཡོན་ལས་བྱེད་པས་དུས་རབས་གསར་པར་མང་ཚོགས་ལམ་ཕྱོགས་ལ་ཡག་པོ་བསྐྱོད་དེ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སེམས་ཁུར་དང་། དཀའ་ངལ་དངོས་ཐག་གཅོད། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་བྱས་ནས་ཁྱིམ་ཚང་ཚང་མར་ལས་ཀ་ཡོད་པ་དང་མི་ཚང་མ་ཕྱུག་པོ་ཆགས་ཐུབ་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད། ཚེ་རིང་ཆོས་སྒྲོན་དང་། ཟླ་སྐྱིད། བུ་ཁྲིད་བཅས་དམག་བཀུར་ཨ་མ་རྒན་མོ་གསུམ་གྱིས་ལོ་བཅུ་ཕྲག་རིང་ཉིན་གཅིག་ལྟར་དཔོན་དམག་ཚོར་རང་མོས་ངང་ཚལ་སྐྱེལ་བ་དང་སྦྲག་ཐོག་བསྐུར་མ་གཏོང་ལེན་བྱས་ཏེ་དམག་དམངས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་མི་སེམས་འགུལ་བའི་ལེའུ་ཞིག་བརྩམས་ཡོད། ཝང་ཅུན་ཀྲེང་གིས་ཁོང་ཚོའི་ཁྱིམ་དུ་ཕེབས་ནས་བྱམས་བརྩེའི་འཚམས་འདྲི་གནང་སྟེ་ཨ་མ་རྒན་མོ་གསུམ་གྱིས་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བར་བླ་ན་མེད་པའི་གུས་འདུད་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

    བསམ་གྲུབ་རྩེ་ཆུས་ལྕང་ལོ་ཁང་གསར་སྡེ་ཁུལ་དུ། ཝང་ཅུན་ཀྲེང་གིས་མི་རིགས་མཐུན་སྒྲིལ་འཛུགས་གཏོད་ལས་དོན་གྱི་གནས་ཚུལ་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས་འཛུགས་གཏོད་ཀྱི་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱེད་པ་དང་། དཔེ་མཚོན་གྱི་སྣེ་ཁྲིད་ནུས་པ་འདོན་པ། ཉེ་འགྲམ་གྱི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཡག་པོ་ཤོད་པ་བཅས་བྱས་ཏེ་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད། གཞིས་རྩེ་གྲོང་ཁྱེར་གྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་མཛུབ་ཁྲིད་ལྟེ་གནས་སུ་ཕེབས་སྐབས་ཝང་ཅུན་ཀྲེང་གིས་ལས་ཀ་འཚོལ་མཁན་དང་ངོ་ཐུག་གདོང་འཕྲད་ངང་སྤེལ་རེས་གནང་ཞིང་། ཁོང་གིས་ལས་ཞུགས་ནི་དམངས་འཚོ་ཆེ་ཤོས་དེ་ཡིན་པས། ལས་ཞུགས་སྔོན་དུ་འཇུག་པའི་འཐབ་ཇུས་དང་ལས་ཞུགས་ཧུར་ཐག་བྱེད་པའི་སྲིད་ཇུས་མཐའ་འཁྱོངས་དང་། སློབ་ཆེན་སློབ་མའི་ལས་ཞུགས་ལས་གཏོད་ལ་ཚད་མཐོའི་མཐོང་ཆེན། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག གནད་དོན་གསར་པ་རང་འགུལ་ངང་ཐག་གཅོད། ཚན་རིག་དང་མཐུན་ལ་གོ་ཆོད་ཀྱི་ལས་ཀའི་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་བཅས་བྱས་ནས། ལས་ཞུགས་སྤུས་ཚད་དེ་བས་མཐོ་ཞིང་གང་ལེགས་ཡོང་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    གམ་པ་རྫོང་གི་ས་མཐོའི་མཐའ་སྲུང་དཔེ་སྟོན་དམག་སྒར་གྱི་དམག་སྒར་ལོ་རྒྱུས་ཁང་དང་། གྲོ་མོ་རྫོང་མཐའ་མཚམས་རིག་གནས་འགྲེམས་སྟོན་ཁང་། རྒྱལ་རྩེ་རྫོང་དབྱིན་འགོག་དཔའ་བོའི་དྲན་གསོ་ཁང་བཅས་སུ་ཕེབས་སྐབས་ཝང་ཅུན་ཀྲེང་གིས་འགྲེལ་བཤད་ནན་ཏན་ངང་གསན་པ་དང་། གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་དང་གསར་བརྗེའི་ལོ་རྒྱུས་ཕྱིར་དྲན་གནང་ཞིང་། ཁོང་གིས་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་དྲིལ་བསྒྲགས་སློབ་གསོར་མུ་མཐུད་དམ་འཛིན་ཡག་པོ་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། གསར་བརྗེའི་རྗེས་ཤུལ་དང་། དྲན་གསོ་ཁང་། རྟེན་རྫས་བཤམས་མཛོད་ཁང་སོགས་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོ་དང་དུས་རབས་ཀྱི་མིག་དཔེའི་ལྕག་སྐུལ་དང་དཔེ་སྟོན་གྱི་ནུས་པ་བཏོན་ཏེ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་གསར་བརྗེའི་ས་བོན་རྒྱུན་འཛིན་དང་གསར་བརྗེའི་ཁྲག་རྒྱུན་རྒྱུན་མཐུད་བྱེད་རྒྱུའི་ཁྲིད་སྟོན་བྱས་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་མཁན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    བརྟག་ཞིབ་གནང་རིང་། ཝང་ཅུན་ཀྲེང་གིས་གཞིས་རྩེ་གྲོང་ཁྱེར་གྱི་ལས་དོན་སྙན་སེང་གསན་པ་དང་འབྲེལ། གཞིས་རྩེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད།

    ཝང་ཅུན་ཀྲེང་གིས་ཉེན་བརྡ་རྒྱུན་གཏོང་དང་རྟག་ཏུ་དོགས་ཟོན་མཐའ་འཁྱོངས་ཀྱིས་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་བཙུགས་ནས། བརྟན་ལྷིང་སྲུང་སྐྱོང་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་རྒྱུན་རྣམ་ཅན་དང་ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་ལ་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་ལ་རྒྱུན་གཏན་ནས་དམ་འཛིན་དང་གཞི་རིམ་ནས་དམ་འཛིན་བྱེད་ཐུབ་པར་བྱེད་དགོས། མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་འགལ་ཟླ་སྣ་ཚོགས་གཞི་རིམ་དུ་སེལ་བ་དང་ཐོན་བཟོ་ཡོད་དུས་ནས་ཐག་གཅོད་བྱེད་དགོས། དུས་རྒྱུན་ནས་དམ་འཛིན་བྱ་རྒྱུར་སྣང་ཆེན་དང་། བསམ་ཚུལ་གང་ཡོད་ཤོད་རྒྱུར་སྣང་ཆེན། བྱ་སྤྱོད་དངོས་སྤེལ་རྒྱུར་སྣང་ཆེན། གཞི་རིམ་དུ་སྒྲུབ་རྒྱུར་སྣང་ཆེན་བཅས་མཐའ་འཁྱོངས་བྱེད་དགོས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་དང་འཛུགས་གཏོད་ལས་དོན་ཧུར་ཐག་སྤེལ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་དགོས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ལག་བསྟར་བྱས་ཏེ། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་ཟམ་མི་ཆད་པར་སྐུལ་འདེད་བཏང་སྟེ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། གོ་སྐབས་དམ་འཛིན་ལྷོད་མེད་བྱེད་པ་དང་། སྲིད་ཇུས་ཡག་པོ་སྤྱོད་པ། རྣམ་གྲངས་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ། ཚོང་འགུག་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ། ནུས་ལྡན་གྱི་མ་འཇོག་བྱེད་རྒྱ་ཆེ་རུ་ཧུར་ཐག་གཏོང་བ་བཅས་བྱས་ཏེ། དཔལ་འབྱོར་ལ་མིག་སྔར་གསོན་ཤུགས་ལྡན་པ་དང་འབྱུང་འགྱུར་མི་མངོན་པའི་སྟོབས་ཤུགས་ལྡན་པའི་འགན་ལེན་བྱེད་དགོས། ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་ཀྱིས་དེང་རབས་ཀྱི་འདེབས་གསོའི་ལས་རིགས་སྟོབས་ཆེར་གཏོང་བ་དང་། ལྗང་མདོག་བཟོ་ལས་རྒྱ་སྐྱེད་དང་སྤུས་ཚད་ལེགས་སུ་བཏང་ནས་ཁྱད་ལྡན་དང་། རྩེར་སོན། སྤུས་ལེགས་བཅས་ཀྱི་རིག་གནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། འགག་སྒོའི་ལེགས་ཆ་བེད་སྤྱོད་ཡག་པོ་བྱས་ནས་སྒོ་དབྱེའི་ཆུ་ཚད་མཐོ་རུ་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་དེ་འགོ་འཛུགས་ས་དང་དོན་ལ་བབས་ས་ཡིན་པ་བློ་ལ་བརྟན་པོར་ངེས་ནས་མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་རྣམས་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་དུ་བརྩིས་ནས་སྒྲུབ་དགོས་པ་དང་། སྤྱི་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། ཐ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ཏེ་མང་ཚོགས་ལས་ཞུགས་བརྟན་པོ་ཡོང་བ་དང་། ཐག་ཉེ་སར་སློབ་གྲྭ་འགྲིམ་ཐུབ་པ། སྨན་པ་བསྟེན་པར་སྟབས་བདེ་བ། རྒན་གསོའི་ཞབས་ཞུ་སོགས་ཀྱི་དགོས་མཁོ་ཟམ་མི་ཆད་པར་སྐོང་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་འཁྱགས་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། རྒྱལ་ཁབ་སྤྱི་གླིང་གཙོ་བོ་དང་། རང་བྱུང་སྲུང་སྐྱོང་ཁུལ་རྨང་གཞི། རང་བྱུང་སྤྱི་གླིང་སྣ་ཚོགས་ཁ་གསབ་བཅས་བྱེད་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་གང་མགྱོགས་འཛུགས་པ། ཇོ་མོ་གླང་མའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། འཁྱགས་རོམ་ལ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ། གཙང་པོ་དང་མཚོ་བཅོས་སྐྱོང་དང་ཡར་ཀླུང་གཙང་པོ་དང་མྱང་ཆུ་སོགས་འབབ་རྒྱུད་གཙོ་བོའི་ས་ཆ་བྱེ་འགྱུར་ཅན་དང་ཐང་རྒོད་ཅན་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་བྱ་སྤྱོད་གཏིང་ཟབ་སྤེལ་དགོས། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་ལས་དོན་ཡག་པོ་སྒྲུབ་པར་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱས་ནས་ལྟ་བཤེར་བྱེད་ཞོར་ལེགས་བཅོས་དང་། ཤེས་འཕྲལ་ལེགས་བཅོས། ལེགས་བཅོས་དངོས་འབྲེལ་བཅས་བྱས་ནས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ཡག་པོ་ཡོང་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་མཐའ་དར་དམངས་ཕྱུག་གི་ལས་དོན་རྒྱུན་སྲིང་ལྷོད་མེད་ངང་ཡག་པོ་བསྒྲུབས་ནས་མཐའ་མཚམས་ས་ཁུལ་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་གཏོང་བ་དང་། མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་ལེ་ལག་ཚང་བའི་སྒྲིག་བཀོད་རྒྱུན་མཐུད་འཐུས་སྒོ་ཚང་དུ་གཏོང་བ། མཐའ་མཚམས་ས་ཁུལ་གྱི་ཐོན་ལས་འཕེལ་རྒྱས་ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་བཅས་བྱས་ནས། མང་ཚོགས་ལ་ལས་ཀ་ཡོད་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་འགན་ལེན་བྱས་ཏེ་མཐའ་མཚམས་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བ་དང་ཕྱུག་པོ་ཆགས་ཐུབ་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཏན་ཏིག་བསྒྲུབས་ནས་ཁྲིམས་ལྟར་དང་། ཚན་རིག་དང་མཐུན་པ། གནད་ལ་འཁེལ་བ། ནན་པོ་བཅས་མཐའ་འཁྱོངས་ཀྱིས“སྔ་ཙམ་བཞིའི”བླང་བྱ་དོན་འཁྱོལ་བྱེད་པ་དང“ཕྱོགས་བཞིའི་འགན་འཁྲི”ནན་ཏུ་བཏང་ནས་རིམས་འགོག་ལས་དོན་ཁག་ལ་དམ་འཛིན་ཞིབ་ཕྲ་དང་ཏན་ཏིག་བྱེད་དགོས། འགག་སྒོའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགན་འཁྲི་ནན་དུ་གཏོང་བ་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཞན་ཆ་སེལ་བ་བཅས་བྱས་ནས་ཕྱི་ནས་མི་འགོས་པ་བྱེད་པའི་འགོག་སྲུང་འཛིང་རགས་མཐའ་གཅིག་ཏུ་བརྟན་དུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་ནུས་ཤུགས་ཡོད་རྒུས་བཏོད་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས། ཆབ་སྲིད་འཛུགས་སྐྱོང་གི་ངེས་སྦྱོང་སློབ་ཚན་ལ་ཐོག་མཐའ་བར་གསུམ་དུ་དམ་འཛིན་ནན་པོ་བྱེད་པ་དང་། གཞི་རིམ་ལ་དམ་འཛིན་ནན་པོ་བྱེད་པའི་སྟོན་ཕྱོགས་གསལ་པོ་མཐའ་འཁྱོངས་བྱེད་པ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་འགན་འཁྲི་ནན་ཏུ་གཏོང་བ། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་སྤྱོད་པ་དང་བྱས་རྗེས་དངོས་ལ་གཞིགས་ནས་དཔའ་བོ་ཡིན་མིན་ལྟ་བ་བཅས་བྱས་ཏེ། ལས་བྱེད་པའི་དཔུང་ཁག་གི་གོང་བུ་འགྲིལ་ཤུགས་དང་དམག་འཐབ་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། འགོ་ཁྲིད་ལས་བྱེད་པས་ཆབ་སྲིད་ལ་སྣང་ཆེན་དང་སྤྱི་ཡོངས་ལ་ལྟ་རྟོག་བྱེད་པ་དང་། སྔོན་ལ་སྒྲུབ་པ་དང་མིག་དཔེ་འདོན་པ། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ལྷོད་མེད་བཅས་བྱས་ནས། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་བྱ་གཞག་ཁག་ཟམ་མི་ཆད་པར་ཡར་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཀརྨ་ཚེ་བརྟན་དང་། ཟླ་བ་ཚེ་རིང་། རྒྱལ་མཚན། ཀྲང་ཡན་ཆིང་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།