དབུ་ཤོག>སྲིད་དོན།
  • བོད་ཀྱི་2022ལོའི་གཙོ་གནད་རྣམ་གྲངས་ཁག་དང་པོ་གཅིག་སྡུད་ཐོག་ལས་འགོ་གསར་ཚུགས་དང་བསྐྱར་ཚུགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-05

    རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་། ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ། རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། ལྗོངས་ཡོངས་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་རྣམ་གྲངས་ཀྱི་རྨང་གཞིའི་ནུས་པ་དང་འདེགས་སྐྱོར་ནུས་པ་འདོན་སྤེལ་ཏན་ཏིག་བྱ་ཆེད། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་། ཚེས་1ཉིན་གྱི་སྔ་དྲོ། ལྗོངས་ཡོངས་ཀྱི་2022ལོའི་ཁག་དང་པོའི་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་147ཟིན་པའི་གཙོ་གནད་རྣམ་གྲངས་45གཅིག་སྡུད་ཐོག་ལས་འགོ་གསར་ཚུགས་དང་བསྐྱར་ཚུགས་བྱས་པ་རེད། 

    ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ། ལས་འགོ་གསར་ཚུགས་དང་བསྐྱར་འཛུགས་བྱ་རྒྱུའི་ཁྱབ་བསྒྲགས་ཀྱང་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཡིས་ལས་འགོ་གསར་ཚུགས་དང་བསྐྱར་ཚུགས་ཀྱི་མཛད་སྒོ་གཙོ་སྐྱོང་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཇམ་དཔལ་མཛད་སྒོར་ཞུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་གཅིག་སྡུད་ཐོག་ལས་འགོ་གསར་ཚུགས་ཀྱི་རྣམ་གྲངས་23ཡོད་པ་དང་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་64ཟིན་པ་དང་། ལས་འགོ་བསྐྱར་ཚུགས་ཀྱི་རྣམ་གྲངས་22ཡོད་པ་དང་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་83ཟིན་ཡོད། དེའི་ནང་ཐོན་ལས་འཕེལ་རྒྱས་དང་། རྨང་གཞིའི་སྒྲིག་བཀོད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། དམངས་འཚོ་དང་སྤྱི་ཚོགས་བྱ་གཞག་སོགས་ཚུད་ཡོད། གྲོང་ཁྱེར་དང་ས་ཁུལ་བདུན་གྱིས་དུས་ཚིགས་དང་པོར་ཡན་ལག་རྣམ་གྲངས་996ལས་འགོ་གསར་ཚུགས་བྱས་པ་དང་འདི་ལོ་མ་འཇོག་སྒོར་དུང་ཕྱུར་480བྱེད་རྩིས་ཡོད་པ་རེད། འདི་ལོ་ལྗོངས་ཡོངས་སུ་གཙོ་གནད་རྣམ་གྲངས་ཆེ་གྲས་ཁྱོན་181ཡོད་པར་མ་འཇོག་སྒོར་དུང་ཕྱུར་1404བྱེད་རྩིས་ཡོད་པ་རེད།

    ལས་འགོ་གསར་ཚུགས་དང་བསྐྱར་ཚུགས་ཀྱི་མཛད་སྒོ་མཇུག་འགྲིལ་རྗེས། ཁྲེན་ཡུང་ཆི་དང་། རེན་ཝེ། རྡོ་རྗེ་ཚེ་སྒྲུབ། འཇམ་དཔལ་བཅས་ལྷ་ས་གྲོང་ཁྱེར་གྱི་ལྷོ་རི་བྱང་རི་སྔོ་འགྱུར་གྱི་ཤིང་འཛུགས་བྱེད་སྒོར་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།