དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་ལྷ་ས་གྲོང་ཁྱེར་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2022-04-04

    ཚེས་1ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་པའི་རང་སྐྱོང་ལྗོངས་ཆེད་དོན་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་བློ་བཟང་རྒྱལ་མཚན་གྱིས་ལྷ་ས་གྲོང་ཁྱེར་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལས་དོན་ལ་བརྟག་ཞིབ་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་མཉམ་དུ་བརྟག་ཞིབ་གནང་བ་རེད།

    བློ་བཟང་རྒྱལ་མཚན་དང་བཅས་པ་ཐལ་སྤུངས་སྒང་སྡེ་ཁུལ་རྣམ་སྲས་གླིང་སྒོ་ར་ཆེ་མོ་དང་། ཀླུ་སྒུག་སྡེ་ཁུལ། ཝ་པ་གླིང་སྡེ་ཁུལ་བཅས་སུ་ཕེབས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ། མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་དུ་ཕེབས་ནས་ཚང་མ་དང་ལྷན་དུ་འཚོ་བའི་གནས་ཚུལ་དང་། དེ་བཞིན་སྤྱི་ཚོགས་ཀྱི་འགྱུར་ལྡོག་དང་འཕེལ་རྒྱས་སྐོར་གླེང་གནང་བ་རེད། 

    བློ་བཟང་རྒྱལ་མཚན་གྱིས་མི་རིགས་ཚང་མ་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་པོའི་ཁོངས་མི་ཡིན་པས། ཚང་མས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ནས་ཕན་ཚུན་ལྟ་སྐྱོང་དང་འཆམ་མཐུན་མཉམ་གནས་བྱས་ཏེ་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་ཟབ་མོའི་ཁྲོད་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟམ་མི་ཆད་པར་བརྟན་པོར་འཛུགས་པའི་རེ་བ་ཡོད་ཅེས་གསུངས་པ་རེད།

    བརྟག་ཞིབ་གནང་སྐབས། བློ་བཟང་རྒྱལ་མཚན་གྱིས“འཛུགས་གཏོད་བཞི”ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས“དོན་ཆེན་བཞིར”དམིགས་པ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་ཆེད་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་དང་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལས་ཀའི་གཙོ་གནད་རེད། ང་ཚོས་ངེས་པར་དུ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་འགན་འཁྲིའི་བསམ་པ་དང་འོས་འགན་སྒྲུབ་སེམས་ཆེ་རུ་བཏང་ནས། རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། ལས་ཀའི་བྱེད་ཐབས་གསར་གཏོད་དང་ལག་ལེན་གྱི་གཞི་རྟེན་ལ་ཤུགས་སྣོན་བརྒྱབ་ནས་བྱེད་ཐབས་ཡོད་པ་དང་། བརྩེ་སེམས་ལྡན་པ། ཕན་ནུས་ཆེ་བ་བཅས་ཀྱི་སྒོ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པའི་ལས་དོན་ཡག་པོ་སྒྲུབ་དགོས། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། དམངས་འཚོ་འགན་ལེན་དང་ལེགས་གཏོང་ཏན་ཏིག་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱིས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་རིང་མི་རིགས་མཐུན་སྒྲིལ་ལ་མཉམ་དུ་སྐུལ་འདེད་གཏོང་དགོས། ཁྲིམས་ལྟར་མི་རིགས་ལས་དོན་བཅོས་སྐྱོང་མཐའ་འཁྱོངས་བྱས་ཏེ《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག》སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་དང་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཁྲིམས་སྐྱོང་ལམ་བུར་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལས་དོན་ལ་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བར་ཤུགས་སྣོན་བརྒྱབ་ནས་མི་རིགས་ཁག་ལ་ཐུན་མོང་ཐོག་དབང་བའི་བསམ་པའི་ཁྱིམ་གཞིས་སྐྲུན་དགོས། གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ་དང་ཏང་གི་འགོ་ཁྲིད་སྲོག་ཤིང་གི་ནུས་པ་གང་ལེགས་བཏོན་ནས་གཞི་རིམ་ཏང་རྩ་འཛུགས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་མཁན་དང་། མང་ཚོགས་ཕྱུག་པོ་ཆགས་པར་སྣེ་ཁྲིད་བྱེད་མཁན། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་མཁན། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་མཁན་བཅས་ཀྱི་སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་དུ་སྐྲུན་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། མཐའ་ཚད་ཀྱི་བསམ་གཞིག་ལ་ཤུགས་སྣོན། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། གནད་དོན་གྱི་མངོན་མེད་རྐྱེན་ངན་སྣ་ཚོགས་དུས་ཐོག་ཏུ་སེལ་བ། སྤྱི་ཚོགས་ཀྱི་དུས་བབ་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བཅས་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལས་དོན་གྱི་ཕན་འབྲས་དངོས་ལ་བརྟེན་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་ནན་བཤད་གནང་བ་རེད། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།