དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2022-04-04

    ཁེ་ལས་ཀྱི་ཐོབ་ཁྲལ་དང་ཕྲན་ཚེགས་ཁེ་ལས་ཀྱི“དཔྱ་ཁྲལ་དྲུག་དང་འགྲོ་གྲོན་གཉིས”ཆག་ཡང་དང་རྩ་ཆག་དང་། ཞབས་ཞུའི་ལས་རིགས་སླར་གསོ་འཕེལ་རྒྱས། བཟོ་ལས་དཔལ་འབྱོར་སོགས་ཀྱི་དོན་གནད་ལ་ཞིབ་འཇུག་གནང་བ་དང་འབྲེལ། ཁེ་ལས་ལ་ཕན་པའི་དཀའ་སེལ་སྲིད་ཇུས་ཁག་ཆད་ལུས་མེད་པར་དོན་འཁྱོལ་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ།

    ཟླ་3ཚེས་31ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་ཁེ་ལས་ཀྱི་ཐོབ་ཁྲལ་དང་ཕྲན་ཚེགས་ཁེ་ལས་ཀྱི“དཔྱ་ཁྲལ་དྲུག་དང་འགྲོ་གྲོན་གཉིས”རྩ་ཆག་དང་ཆག་ཡང་དང་། ཞབས་ཞུའི་ལས་རིགས་སླར་གསོ་འཕེལ་རྒྱས། བཟོ་ལས་དཔལ་འབྱོར་སོགས་ཀྱི་དོན་གནད་ལ་ཞིབ་འཇུག་གནང་བ་རེད།

    ཚོགས་འདུའི་ཐོག ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་ནུས་ཤུགས་ཡོད་རྒུས་བཏོད་དེ་དཔལ་འབྱོར་བརྟན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱ་ཆེད། ད་ཐེངས“ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་ཁེ་ལས་ཀྱི་ཐོབ་ཁྲལ་སྲིད་ཇུས་ཚད་ལྡན་དུ་བཏང་བ་དང་། རང་ལྗོངས་ཀྱི་ཁེ་ལས་ལ་ཁེ་ལས་ཀྱི་ཐོབ་ཁྲལ་འདྲ་མཉམ་ངང་ལོངས་སྤྱོད་བྱེད་པའི་ས་གནས་ཀྱི་ཆག་ཡང་དང་རྩ་ཆག་གཏོང་བའི་སྲིད་ཇུས་ཁ་གསལ་བཏོན་པ། ལས་ཞུགས་བསྡུ་ལེན་ཁེ་ལས་ཐོབ་ཁྲལ་གྱི་ས་གནས་མཉམ་སྤྱོད་ཆ་ཤས་ཆག་ཡང་གཏོང་བའི་སྲིད་ཇུས་ཁ་གསལ་བཏོན་པ། རང་ལྗོངས་ཀྱིས་གཙོ་གནད་རོགས་སྐྱོར་དང་ལྕག་སྐུལ་བྱེད་པའི་ཐོན་ལས་ལ་རྒྱབ་སྐྱོར་བྱེད་པའི་ཁེ་ལས་ཀྱི་ཐོབ་ཁྲལ་ས་གནས་ཀྱིས་མཉམ་སྤྱོད་ཆ་ཤས་ཆག་ཡང་གཏོང་བའི་སྲིད་ཇུས་ཁ་གསལ་བཏོན་པ”བཅས་ཕྱོགས་4ཡི་ཐད་ནས། རང་ལྗོངས་ཀྱི་ཁེ་ལས་ཀྱི་ཐོབ་ཁྲལ་སྲིད་ཇུས་བཟོ་བཅོས་དང་འཐུས་སྒོ་ཚང་དུ་བཏང་ཡོད། ནུབ་རྒྱུད་ས་ཁུལ་གྱི་ལྕག་སྐུལ་གཏོང་རིགས་ཀྱི་ཐོན་ལས་མིང་གཞུང་གཞིར་བཟུང་། རང་ལྗོངས་ཀྱིས་ལྕག་སྐུལ་གཏོང་བའི་ཐོན་ལས་དེ་སྔའི་ཁག་13ནས་41བར་མང་དུ་ཕྱིན་པ་དང་། གཞི་རྩའི་ཆ་ནས་ཁེ་ལས་80%ཡན་ལ་ཁྱབ་ཡོད་ཅེས་བསྟན་པ་རེད།

    ཚོགས་འདུའི་ཐོག སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་བྱས་ནས་རང་ལྗོངས་ཀྱི་ཕྲན་ཚེགས་ཁེ་ལས་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་ཆེད། ཆག་ཡང་གཏོང་བའི་ཚད་གཞི་མཐོ་ཤོས་གཞིར་བཟུང་། རང་ལྗོངས་ཀྱི་གནས་ཐང་འཕར་ཁྲལ་གཞི་ཁྱོན་ཆུང་བའི་ཁྲལ་འཇལ་བ་དང་། ཕྲན་ཚེགས་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་གི་ཐོན་ཁུངས་དཔྱ་ཁྲལ། གྲོང་ཁྱེར་སྲུང་སྐྱོང་འཛུགས་སྐྲུན་གྱི་དཔྱ་ཁྲལ། གྲོང་ཁྱེར་དང་གྲོང་རྡལ་གྱི་ས་ཆ་བེད་སྤྱོད་དཔྱ་ཁྲལ། འཛིན་ཁྲལ(འཛིན་ལོར་ཉོ་ཚོང་འཛིན་ཁྲལ་མི་ཚུད་པ)རྨོ་ཞིང་བཟུང་སྤྱོད་དཔྱ་ཁྲལ། སློབ་གསོའི་གྲོན་དངུལ་ཟུར་སྣོན་དང་ས་གནས་ཀྱི་སློབ་གསོའི་ཟུར་སྣོན་གྱི་ཁྲལ་འབོར་བཅས་མུ་མཐུད་50%གཞིར་བཟུང་བསྡུ་ཚད་ཉུང་དུ་གཏོང་དགོས། ཚོད་རྩིས་རགས་ཙམ་བྱས་པ་བརྒྱུད། འདི་ལོ་འཕར་སྣོན་དང་དཔྱ་ཁྲལ་ཉུང་བསྡུ་སྒོར་དུང་ཕྱུར་1.48ཙམ་ཟིན་ནས་ཁེར་རྐྱང་བཟོ་ཚོང་དུད་ཚང་དང་ཁེ་ལས་8000ཙམ་ལ་ཕན་པ་འཐོབ་སྲིད་ཅེས་བསྟན་པ་རེད།

    ཚོགས་འདུའི་ཐོག ཞབས་ཞུའི་ལས་རིགས་ནི་ལས་ཞུགས་བསྡུ་བ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་འགག་རྩ་ཡིན་པས། ད་ཐེངས་ཞབས་ཞུའི་ལས་རིགས་ཁྱབ་ཁོངས་ཀྱི་དཀའ་ངལ་ཡོད་པའི་ལས་རིགས་སླར་གསོ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞིར་ཞིབ་འཇུག་བྱས་ཤིང་། གཙོ་བོ་གཟིགས་སྐྱོང་སྲིད་ཇུས་དང་བྱ་ཐབས་རིགས་3དང་དོན་ཚན་45ཚུད་པ་དང་། དེའི་ནང་ཀུན་ཕན་རང་བཞིན་གྱི་དཀའ་སེལ་རོགས་སྐྱོར་བྱ་ཐབས་ཁག་13དང་། ཞག་སྡོད་བཟའ་བཏུང་དང་། སྡེབ་ཚོང་སིལ་ཚོང་། རིག་གནས་ལུས་རྩལ་ཡུལ་སྐོར། འགྲིམ་འགྲུལ་སྐྱེལ་འདྲེན། དམངས་སྤྱོད་མཁའ་འགྲུལ་ལས་རིགས་བཅས་ཀྱི་དཀའ་སེལ་རོགས་སྐྱོར་བྱ་ཐབས་ཁག་30དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་2ཡོད་ཅེས་བསྟན་པ་རེད།

    ཚོགས་འདུའི་ཐོག འདི་ལོའི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་10%ཡན་འཕར་བར་བྱེད་པའི་དམིགས་ཚད་དང་ལས་འགན་ལ་དམ་པོར་དམིགས་ཏེ། ཐོན་ལས་ཀྱིས་དོན་འཁྱོལ་ལ་དམ་འཛིན་བྱེད་པར་དམིགས་པ་དང་། ཁེ་ལས་ཀྱིས་དོན་འཁྱོལ་ལ་དམ་འཛིན་བྱེད་པར་དམིགས་པ། སྲིད་ཇུས་ལག་བསྟར་གནད་སྨིན་ཡོང་བ་དང་ཕན་འབྲས་རང་བཞིན་ཆེ་རུ་གཏོང་བ། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཁ་གསལ་བཏོན་པའི་ས་མཐོའི་ཞིང་འབྲོག་ལས་དང་། རིག་གནས་ཡུལ་སྐོར། ནུས་རྒྱུ་གཙང་མ། འབྱུང་འཕྲོད་བཟོ་ལས། དེང་རབས་ཞབས་འདེགས། མཐོ་གསར་གྲངས་འཛིན། མཐའ་མཚམས་ཚོང་དོན་ཟོག་འགྲེམས། བོད་ཀྱི་གསོ་བ་རིག་པ་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་གཙོ་གནད་རྒྱབ་སྐྱོར་བྱེད་པ། འཕར་གཞི་གསར་པ་སྐྱེད་སྲིང་ཤུགས་ཆེན་བྱེད་པ་བཅས་ནས། བཟོ་ལས་དཔལ་འབྱོར་གྱི་གཏིང་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་དགོས་ཞེས་བསྟན་ཡོད་པ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།