གཞུང་ཁོངས་རྒྱུ་ནོར་ལ་དོ་དམ་བྱས་ཚུལ་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས།
གཞུང་ཁོངས་རྒྱུ་ནོར་ལ་དོ་དམ་བྱས་ཚུལ་སྙན་སེང་ལམ་ལུགས་འཛུགས་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དང་། མི་དམངས་འཐུས་ཚོགས་ཀྱི་གཞུང་ཁོངས་རྒྱུ་ནོར་ལ་ལྟ་སྐུལ་བྱེད་པའི་འགན་ནུས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ། གཞུང་ཁོངས་རྒྱུ་ནོར་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་དང་། དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། རྒྱལ་ཁབ་ལས་ཁུངས་དང་བྱ་གཞག་ཚན་པའི་གྲོན་ཆུང་དང་ལས་ཆོད་ཆེ་བའི་འགན་འཁྲི་སྒྲུབ་རྒྱུ་འགན་སྲུང་སོགས་ཀྱི་ཐད་གཞུང་ཁོངས་རྒྱུ་ནོར་གྱི་ནུས་པ་སྔར་བས་འདོན་སྤེལ་བྱེད་ཆེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་གནས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་ཁག་མི་དམངས་སྲིད་གཞུང་གི་རྩ་འཛུགས་བཅའ་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་བཅའ་ཁྲིམས》 《གཞུང་ཁོངས་རྒྱུ་ནོར་ལ་དོ་དམ་བྱས་ཚུལ་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》སོགས་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར། རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་གཤམ་གསལ་གྱི་གཏན་འབེབས་བྱས་པ་སྟེ།
གཅིག གཏན་འབེབས་འདི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཞུང་ཁོངས་རྒྱུ་ནོར་ལ་དོ་དམ་བྱས་ཚུལ་ལ་ལྟ་སྐུལ་བྱེད་པར་སྤྱོད་རྒྱུ་ཡིན།
གཏན་འབེབས་འདིར་འཁོད་པའི་གཞུང་ཁོངས་རྒྱུ་ནོར་ཞེས་པ་ནི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་ཚབ་བྱས་ནས་མ་རྩ་འཇོག་མཁན་གྱི་འགན་འཁྲི་དང་། བདག་པོའི་འགན་འཁྲི། དོ་དམ་ལྟ་སྐུལ་གྱི་འགན་འཁྲི་བཅས་སྒྲུབ་པའི་རང་ལྗོངས་ཀྱི་གཞུང་ཁོངས་རྒྱུ་ནོར་ཡོངས་རྫོགས་དང་འབྲེལ་བ་ཡོད། དེའི་ནང་ཁེ་ལས་ཀྱི་གཞུང་ཁོངས་རྒྱུ་ནོར(དངུལ་རྩའི་ཁེ་ལས་ཚུད་མེད་པ)དང་། དངུལ་རྩའི་ཁེ་ལས་ཀྱི་གཞུང་ཁོངས་རྒྱུ་ནོར། སྲིད་འཛིན་བྱ་གཞག་རང་བཞིན་གྱི་གཞུང་ཁོངས་རྒྱུ་ནོར། གཞུང་ཁོངས་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་སོགས་གཞུང་ཁོངས་རྒྱུ་ནོར་ཚུད་ཡོད།
གཉིས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ནས། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དང་། ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་མཐའ་འཁྱོངས། གཞུང་ཁོངས་རྒྱུ་ནོར་ལ་དོ་དམ་དང་བཅོས་སྐྱོང་བྱེད་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བླང་བྱར་དམིགས་པ། སྲིད་གཞུང་གིས་གཞུང་ཁོངས་རྒྱུ་ནོར་ལ་དོ་དམ་བྱས་ཚུལ་ལ་ལྟ་སྐུལ་བྱེད་པར་དམིགས་པ། ལྟ་སྐུལ་ཡང་དག་དང་། ལྟ་སྐུལ་ནུས་ལྡན། ཁྲིམས་ལྟར་ལྟ་སྐུལ་བཅས་མཐའ་འཁྱོངས། ཡོངས་འདུས་དང་ཁྱོན་ཡོངས་ལ་ཁྱབ་པ་མཐའ་འཁྱོངས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། གཞུང་ཁོངས་རྒྱུ་ནོར་གྱི་ལྟ་སྐུལ་འགན་འཁྲི་ཕྱོགས་ཡོངས་དང་། ཁྲིམས་ལྟར། ནུས་ལྡན་བཅས་ཀྱི་སྒོ་ནས་སྒྲུབ་དགོས།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་གཞུང་ཁོངས་རྒྱུ་ནོར་ལ་ལྟ་སྐུལ་བྱེད་པའི་ལས་དོན་གྱི་ལོ་ལྔའི་འཆར་འགོད་བཟོས་ནས་སྐབས་འདིའི་གཞུང་ཁོངས་རྒྱུ་ནོར་ལ་ལྟ་སྐུལ་བྱེད་པའི་ལས་དོན་ལ་སྤྱི་འདོམས་བཀོད་སྒྲིག་བྱས་པ་དང་ལོ་འཁོར་གྱི་ལྟ་སྐུལ་ལས་དོན་གྱི་འཆར་གཞི་བཟོས་ཏེ་ལག་ལེན་ཞིབ་ཕྲ་བསྟར་དགོས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ལོ་ལྟར་གཞུང་ཁོངས་རྒྱུ་ནོར་ལ་དོ་དམ་བྱས་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་སེང་ཉན་པ་དང་གྲོས་ཞིབ་བྱས་ཏེ་ཁྲིམས་འཛིན་ཞིབ་བཤེར་དང་། བློ་འདྲི། རྩད་འདྲི། དམིགས་བསལ་གནད་དོན་བརྟག་དཔྱད་སོགས་ཁྲིམས་གཏན་འཁེལ་བའི་ལྟ་སྐུལ་བྱེད་ཐབས་སྤྱད་དེ་མི་དམངས་འཐུས་ཚོགས་ཀྱི་གཞུང་ཁོངས་རྒྱུ་ནོར་ལ་ལྟ་སྐུལ་བྱེད་པའི་འགན་འཁྲི་སྒྲུབ་དགོས།
རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་ནོར་སྲིད་དང་དཔལ་འབྱོར་ཨུ་ཡོན་ལྷན་ཁང(གཤམ་དུ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ནོར་དཔལ་ཨུ་ལྷན་ཞེས་བསྡུ་རྒྱུ)གིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་འགོ་ཁྲིད་འོག་གཞུང་ཁོངས་རྒྱུ་ནོར་ལ་ལྟ་སྐུལ་བྱེད་པའི་ལས་དོན་ཞིབ་ཕྲ་འགན་འཁུར་དགོས།
གསུམ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཞུང་ཁོངས་རྒྱུ་ནོར་ལ་དོ་དམ་བྱས་ཚུལ་གྱི་སྙན་སེང་དེ་རྒྱལ་ཁབ་ཀྱི་གཏན་འབེབས་དང་མཐུན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལོ་འཁོར་གྱི་གྲོས་ཞིབ་ལས་དོན་གྱི་གཙོ་གནད་མཚོན་པ། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྤྱི་ཚོགས་ཀྱི་དོ་ཁུར་ལ་ལན་སློག་པ། ཕྱོགས་བསྡུས་སྙན་སེང་དང་ཆེད་དོན་སྙན་སེང་ཟུང་འབྲེལ་བྱེད་ཐབས་ལ་གཞིགས་པ། སྙན་སེང་གི་གཙོ་གནད་ནང་དོན་དང་། སྙན་སེང་གི་རྣམ་གཞག དེ་བཞིན་ཟུར་བཀོད་རེའུ་མིག་གི་ནང་དོན་བཅས་ཚད་ལྡན་བཟོས་ནས་སྙན་སེང་ཞུ་སྟངས་ལེགས་སུ་གཏོང་བ་དང་སྙན་སེང་གི་སྤུས་ཚད་མཐོ་རུ་བཏང་སྟེ། ལོ་འཁོར་གྱི་གཞུང་ཁོངས་རྒྱུ་ནོར་ལ་དོ་དམ་བྱས་ཚུལ་སྙན་སེང་ཞུ་བའི་ལས་དོན་ཡག་པོ་སྒྲུབ་དགོས། རྒྱལ་ཁབ་ཀྱི་གཅིག་གྱུར་རྩིས་གཉེར་ལམ་ལུགས་ལྟར་གཞུང་ཁོངས་རྒྱུ་ནོར་རྩིས་གཉེར་བྱེད་སྟངས་ཚད་ལྡན་དུ་གཏོང་བ་དང་། འབྲེལ་ཡོད་བསྡོམས་རྩིས་བརྟག་དཔྱད་ལམ་ལུགས་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་བ། སྲིད་གཞུང་གི་རྒྱུ་ནོར་གྱི་བུ་ལོན་རེའུ་མིག་སོགས་རྩིས་གཉེར་སྙན་ཐོའི་རེའུ་མིག་དང་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་གྱི་བུ་ལོན་རེའུ་མིག་བཟོ་བ། འགན་དབང་འཁུར་བའི་ལམ་ལུགས་རྨང་གཞིར་བྱས་པའི་སྲིད་གཞུང་གི་ཕྱོགས་བསྡུས་ནོར་དོན་སྙན་སེང་བཟོ་བ་བཅས་བྱས་ཏེ། གཞུང་ཁོངས་རྒྱུ་ནོར་ལ་དོ་དམ་བྱས་ཚུལ་གྱི་སྙན་སེང་དང་སྦྲེལ་མཐུད་བྱེད་པ་མ་ཟད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་ཐོ་འགོད་སྙན་སེང་ཞུ་དགོས།
རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནོར་སྲིད་སྡེ་ཚན་གྱིས་སྣེ་ཁྲིད་དེ་གཞུང་ཁོངས་རྒྱུ་ནོར་ལ་དོ་དམ་བྱས་ཚུལ་གྱི་ཕྱོགས་བསྡུས་སྙན་སེང་དང་། དངུལ་རྩའི་ཁེ་ལས་ཀྱི་གཞུང་ཁོངས་རྒྱུ་ནོར་ལ་དོ་དམ་བྱས་ཚུལ་གྱི་ཆེད་དོན་སྙན་སེང་། སྲིད་འཛིན་བྱ་གཞག་རང་བཞིན་གྱི་གཞུང་ཁོངས་རྒྱུ་ནོར་ལ་དོ་དམ་བྱས་ཚུལ་གྱི་ཆེད་དོན་སྙན་སེང་བཅས་ཀྱི་འཆར་ཟིན་འགོད་པའི་འགན་འཁུར་དགོས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གཞུང་ཁོངས་རྒྱུ་ནོར་ལ་ལྟ་སྐུལ་དོ་དམ་བྱེད་པའི་སྡེ་ཚན་གྱིས་སྣེ་ཁྲིད་དེ་ཁེ་ལས་ཀྱི་གཞུང་ཁོངས་རྒྱུ་ནོར(དངུལ་རྩའི་ཁེ་ལས་ཚུད་མེད་པ)ལ་དོ་དམ་བྱས་ཚུལ་གྱི་ཆེད་དོན་སྙན་སེང་འཆར་ཟིན་འགོད་པའི་འགན་འཁུར་དགོས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་རང་བྱུང་ཐོན་ཁུངས་སྡེ་ཚན་གྱིས་སྣེ་ཁྲིད་དེ་གཞུང་ཁོངས་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་ལ་དོ་དམ་བྱས་ཚུལ་གྱི་ཆེད་དོན་སྙན་སེང་འཆར་ཟིན་འགོད་པའི་འགན་འཁུར་དགོས།
རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་གཞུང་ཁོངས་རྒྱུ་ནོར་གྱི་སྙན་སེང་རེའུ་མིག་མ་ལག་སྣ་ཚོགས་འཐུས་སྒོ་ཚང་དུ་བཏང་ནས་སྙན་སེང་གི་གྲུབ་ཆ་གལ་ཆེན་ལ་བརྩི་དགོས། གཞུང་ཁོངས་རྒྱུ་ནོར་གྱི་ངོ་བོ་དང་ཁྱད་ཆོས་ལ་གཞིགས་ནས་རིན་ཐང་དང་དངོས་པོ་སོགས་ཀྱི་ཐད་ནས་ལས་རིགས་ཕྱེ་སྟེ་གཞུང་ཁོངས་རྒྱུ་ནོར་གྱི་གསོག་ཚད་དང་འགྱུར་ལྡོག་བྱུང་ཚུལ་མཚོན་པར་བྱེད་དགོས།
རང་སྐྱོང་ལྗོངས་རིམ་པའི་གཞུང་ཁོངས་རྒྱུ་ནོར་གྱི་སྙན་ཞུའི་རེའུ་མིག་ནི་ཁེ་ལས་དང་། སྡེ་ཚན། ཚན་པ་བཅས་དབྱེ་ནས་སྒྲིག་བཟོ་བྱེད་དགོས། རིགས་མི་འདྲ་བའི་གཞུང་ཁོངས་རྒྱུ་ནོར་དོ་དམ་གྱི་ཁྱད་ཆོས་མཚོན་པའི་གདེང་འཇོག་དམིགས་ཚད་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རང་སོ་སོའི་འགན་འཁྲི་ལྟར་སྣེ་ཁྲིད་འཆར་ཟིན་འགོད་མཁན་སྡེ་ཚན་ལ་གཞུང་ཁོངས་རྒྱུ་ནོར་གྱི་ད་ཡོད་གནས་ཚུལ་དང་། དོ་དམ་གནས་ཚུལ། དོ་དམ་ཕན་འབྲས་བཅས་ཁྱོན་ཡོངས་དང་། དངོས་ཡོད། ཡང་དག་བཅས་ཀྱི་སྒོ་ནས་མཁོ་འདོན་བྱས་ཏེ་གཞུང་ཁོངས་རྒྱུ་ནོར་དོ་དམ་བྱས་ཚུལ་སྐོར་གྱི་སྙན་ཞུའི་ལས་དོན་ཐུན་མོང་ཐོག་ཡག་པོ་སྒྲུབ་དགོས།
རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་རྩིས་བཤེར་སྡེ་ཚན་གྱིས་འབྲེལ་ཡོད་བླང་བྱ་གཞིར་བཟུང་། རྩིས་བཤེར་ཁྱོན་ཡོངས་ལ་ཁྱབ་པར་སྐུལ་འདེད་གཏིང་ཟབ་བཏང་སྟེ་རྩིས་བཤེར་ལས་དོན་གྱི་འཆར་འགོད་དེ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་ལས་དོན་གྱི་ལོ་ལྔའི་འཆར་འགོད་དང་ལོ་འཁོར་གྱི་ལྟ་སྐུལ་ལས་དོན་གྱི་འཆར་གཞི་དང་སྦྲེལ་མཐུད་བྱས་ནས། དོན་དངོས་དང་། ཁྲིམས་མཐུན། ཕན་འབྲས་ལྡན་པ་བཅས་ཀྱི་རྩ་དོན་ལ་གཞིགས་ཏེ་ཁྲིམས་གཏན་འཁེལ་བའི་འགན་འཁྲི་གཞིར་བཟུང་གཞུང་ཁོངས་རྒྱུ་ནོར་ལ་རྩིས་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་རྩིས་བཤེར་བྱས་ཚུལ་གྱི་ཆེད་དོན་སྙན་ཞུ་གྲུབ་པར་བྱས་ཏེ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་འབུལ་རྒྱུའི་ལོ་འཁོར་གྱི་རང་སྐྱོང་ལྗོངས་ཀྱི་རིམ་པ་དེ་གའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་ཀྱི་གཏོང་ཡོང་གཞན་དག་གི་རྩིས་བཤེར་ལས་དོན་སྙན་ཞུའི་ཡན་ལག་སྙན་ཞུར་བརྩི་དགོས། ལོ་འཁོར་གྱི་རྩིས་བཤེར་སྐབས་རྩད་ཆོད་པའི་གནད་དོན་དག་ཐེར་བྱས་ཚུལ་གྱི་སྙན་ཞུའི་ནང་གཞུང་ཁོངས་རྒྱུ་ནོར་གྱི་རྩིས་བཤེར་སྐབས་རྩད་ཆོད་པའི་གནད་དོན་བཅོས་སྒྲིག་བྱས་ཚུལ་གཙོ་གནད་ཐོག་མཚོན་པར་བྱེད་དགོས།
བཞི། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ལོ་འཁོར་གྱི་གཞུང་ཁོངས་རྒྱུ་ནོར་ལ་དོ་དམ་བྱས་ཚུལ་གྱི་སྙན་ཞུའི་གྲོས་གཞིར་དམིགས་ནས་ཆེད་དོན་བརྟག་དཔྱད་ཞིབ་འཇུག་སྒྲིག་འཛུགས་བྱས་ཏེ་ཕྱོགས་ཁག་གི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་ཉན་པ་དང་། གཞུང་ཁོངས་རྒྱུ་ནོར་དོ་དམ་ཐད་ལྷག་པའི་མངོན་གསལ་དོད་པའི་གནད་དོན་ལ་དབྱེ་ཞིབ་གཏིང་ཟབ་བྱེད་པ། གཞུང་ཁོངས་རྒྱུ་ནོར་གྱི་དོ་དམ་འཐུས་སྒོ་ཚང་དུ་གཏོང་རྒྱུའི་གྲོས་འགོ་ཞིབ་འཇུག་བྱས་ནས་འདོན་དགོས། ཆེད་དོན་བརྟག་ཞིབ་སྙན་ཞུ་དེ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་ནས་མོས་མཐུན་ཐོབ་རྗེས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་པར་འགྲེམས་བྱེད་དགོས།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་རིགས་མི་འདྲ་བའི་གཞུང་ཁོངས་རྒྱུ་ནོར་གྱི་ངོ་བོ་དང་། དོ་དམ་དམིགས་ཚད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཞིབ་ཀྱི་གཙོ་གནད་བཅས་ལ་དམིགས་ཏེ་མི་དམངས་འཐུས་ཚོགས་ཀྱི་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་གདེང་འཇོག་གི་དམིགས་ཚད་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། གཞུང་ཁོངས་རྒྱུ་ནོར་དོ་དམ་གྱི་ལས་རྗེས་ལ་གདེང་འཇོག་བྱེད་དགོས་པ་དང་འབྲེལ་ཕྱོགས་གསུམ་པའི་ཚོད་སྐོར་ལམ་སྲོལ་འཚོལ་ཞིབ་བྱས་ནས་འཛུགས་དགོས། ལས་རྗེས་ལ་གདེང་འཇོག་བྱས་འབྲས་དེ་གལ་ཆེའི་དཔྱད་གཞིར་བརྩིས་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་པར་འགྲེམས་བྱེད་དགོས།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ནོར་དཔལ་ཨུ་ལྷན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་མ་འཚོག་གོང་གི་ཉིན་སུམ་ཅུའི་ནང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གཞུང་ཁོངས་རྒྱུ་ནོར་དོ་དམ་བྱས་ཚུལ་གྱི་སྙན་ཞུར་གྲོས་ཞིབ་རགས་ཙམ་བྱས་ནས་ཐོག་མའི་གྲོས་ཞིབ་བསམ་འཆར་འདོན་དགོས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་ཐོག་མའི་གྲོས་ཞིབ་བསམ་འཆར་གཞིར་བཟུང་གཞུང་ཁོངས་རྒྱུ་ནོར་ལ་དོ་དམ་བྱས་ཚུལ་གྱི་ཕྱོགས་བསྡུས་སྙན་ཞུ་དང་ཆེད་དོན་སྙན་ཞུར་བཟོ་བཅོས་བརྒྱབ་ནས་འཐུས་སྒོ་ཚང་དུ་གཏོང་དགོས།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་གཞུང་ཁོངས་རྒྱུ་ནོར་ལ་དོ་དམ་བྱས་ཚུལ་གྱི་སྙན་ཞུར་གྲོས་ཞིབ་བྱས་ནས་གཞུང་ཁོངས་རྒྱུ་ནོར་ལ་ལྟ་སྐུལ་བྱེད་སྐབས་གཤམ་གསལ་ནང་དོན་ལ་གཙོ་གནད་ཐོག་དོ་ཁུར་བྱེད་དགོས་པ་སྟེ།
(1)གཞུང་ཁོངས་རྒྱུ་ནོར་ལ་དོ་དམ་དང་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་དང་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་མཛད་ཕྱོགས་སྲིད་ཇུས་དང་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཚུལ་དང་།
(2)འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་བྱས་ཚུལ།
(3)རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེ་བཞིན་དེའི་རྒྱུན་ལས་ཨུ་ལྷན་གྱི་འབྲེལ་ཡོད་གྲོས་ཆོད་དང་གཏན་འབེབས་དོན་འཁྱོལ་དང་གྲོས་ཞིབ་བསམ་འཆར་ལ་ཞིབ་འཇུག་དང་ཐག་གཅོད་བྱས་ཚུལ།
(4)རིགས་ཁག་གི་གཞུང་ཁོངས་རྒྱུ་ནོར་གྱི་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། དོ་དམ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ།
(5)ཁེ་ལས་ཀྱི་གཞུང་ཁོངས་རྒྱུ་ནོར(དངུལ་རྩའི་ཁེ་ལས་ཚུད་མེད་པ)དང་དངུལ་རྩའི་ཁེ་ལས་ཀྱི་གཞུང་ཁོངས་རྒྱུ་ནོར་གྱི་གྲུབ་ཆ་བཟང་སྒྲིག་བྱས་ཏེ་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་དང་རང་ལྗོངས་ཀྱི་འཕེལ་རྒྱས་དམིགས་ཚད་ལ་ཞབས་འདེགས་ཞུས་ནས་གཞུང་ཁོངས་དཔལ་འབྱོར་གྱི་འགྲན་རྩོད་ནུས་པ་དང་། གསར་གཏོད་ནུས་པ། ཚོད་འཛིན་ནུས་པ། ཤུགས་རྐྱེན་ཐེབས་ནུས། ཉེན་ཁ་འགོག་ནུས་སོགས་ཆེ་རུ་བཏང་ཚུལ།
(6)སྲིད་འཛིན་བྱ་གཞག་རང་བཞིན་གྱི་གཞུང་ཁོངས་རྒྱུ་ནོར་གྱིས་སྲིད་འཛིན་བྱ་གཞག་ཚན་པས་གྲོན་ཆུང་ཕན་ཆེའི་སྒོ་ནས་འགན་འཁྲི་བསྒྲུབ་རྒྱུར་འགན་སྲུང་བྱས་ནས་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཁྱབ་ནུས་རང་བཞིན་དང་འདྲ་མཉམ་རང་བཞིན་ཆེ་རུ་གཏོང་བ་སོགས་ཀྱི་གནས་ཚུལ་དང་། རྒྱུན་གཏན་གྱི་རྒྱུ་ནོར་དོ་དམ་དང་དོ་དམ་འགན་འཁྲི་དོན་འཁྱོལ་བྱས་ཚུལ། རྒྱུ་ནོར་ཆ་འཕྲིན་ཅན་གྱི་དོ་དམ་ལས་དོན་ལ་སྐུལ་འདེད་བཏང་ཚུལ། རྒྱུ་ནོར་བེད་སྤྱོད་ཀྱི་ཕན་འབྲས་སོགས་ཀྱི་གནས་ཚུལ།
(7)གཞུང་ཁོངས་རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལེགས་སུ་གཏོང་བར་རྒྱབ་སྐྱོར་དང་། རང་བྱུང་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་ནུས་ལྡན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་སོགས་གཅུན་འདོམས་རང་བཞིན་གྱི་དམིགས་ཚད་དོན་འཁྱོལ་བྱས་ཚུལ།
(8)གཞུང་ཁོངས་མ་རྩའི་གནས་ཐང་སྲུང་འཕར་དང་། གཞུང་ཁོངས་རྒྱུ་ནོར་ཤོར་རིགས་སྔོན་འགོག་དང་ཁེ་ཕན་དོ་དམ་སོགས་ཀྱི་གནས་ཚུལ།
(9)རྩིས་བཤེར་བྱེད་རིང་ཞིབ་བཤེར་ཐུབ་པའི་གནད་དོན་དག་ཐེར་བྱས་ཚུལ་དང་། ལྷག་པར་དུ་དག་ཐེར་བྱས་མེད་པའམ་ཡང་ན་དག་ཐེར་བྱེད་བཞིན་པའི་གནད་དོན་དང་། སྒྲིག་སྲོལ་ལམ་སྲོལ་རང་བཞིན་གྱི་གནད་དོན། དེ་བཞིན་ཡོངས་ཁྱབ་རང་བཞིན་དང་ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་སོགས་དག་ཐེར་བྱས་ཚུལ།
(10)གཞུང་ཁོངས་རྒྱུ་ནོར་དོ་དམ་ལམ་ལུགས་དང་གཞུང་ཁོངས་མ་རྩའི་གཉེར་སྐྱོང་སྔོན་རྩིས་ལམ་ལུགས་འཛུགས་པ་དང་ལག་བསྟར་བྱེད་པ། སྔོན་རྩིས་དོ་དམ་དང་རྒྱུ་ནོར་དོ་དམ་ཟུང་འབྲེལ་བྱེད་པ་སོགས་ཀྱི་གནས་ཚུལ།
(11)བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་སྤྱི་ཚོགས་ལ་གཞུང་ཁོངས་རྒྱུ་ནོར་གྱི་གནས་ཚུལ་ཡོངས་བསྒྲགས་དང་། གཞུང་ཁོངས་རྒྱུ་ནོར་ལ་ལྟ་སྐུལ་དོ་དམ་བྱེད་པའི་འགན་འཁྲི་སྒྲུབ་ཚུལ། སྤྱི་ཚོགས་དང་སྤྱི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱས་ཚུལ།
(12)གཞུང་ཁོངས་རྒྱུ་ནོར་དོ་དམ་དང་འབྲེལ་བ་ཡོད་པའི་གནས་ཚུལ་གལ་ཆེན་གཞན་དག་བཅས་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་འགན་ཡུན་མ་ཐིམ་གོང་གི་ལོ་གཅིག་ནང་གཞུང་ཁོངས་རྒྱུ་ནོར་དོ་དམ་བྱས་ཚུལ་གྱི་ཕྱོགས་བསྡུས་སྙན་ཞུ་ཉན་པ་དང་དེར་གྲོས་ཞིབ་བྱས་ནས་ཆེད་དོན་འདྲི་རྩད་བྱེད་དགོས་པ་དང་། དེ་མིན་གྱི་ལོ་ཚད་ནང་ཆེད་དོན་སྙན་ཞུ་ཉན་པ་དང་གྲོས་ཞིབ་བྱེད་སྐབས་ཀྱང་དགོས་མཁོར་གཞིགས་ནས་ཆེད་དོན་འདྲི་རྩད་བྱེད་ཆོག དགོས་ངེས་སྐབས་ཁྲིམས་ལྟར་གྲོས་ཆོད་བཞག་ན་འགྲིག
ལྔ། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་དག་ཐེར་དང་འགན་འཁྲི་བདའ་འདེད་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཆོད་དང་། གཏན་འབེབས། གྲོས་ཞིབ་ཀྱི་བསམ་འཆར། ཆེད་དོན་བརྟག་ཞིབ་སྙན་ཞུ་བཅས་དང་། དེ་བཞིན་རྩིས་བཤེར་སྙན་ཞུ་སོགས་གཞིར་བཟུང་དག་ཐེར་དང་འགན་འཁྲི་བདའ་འདེད་ཀྱི་གསལ་ཐོ་བཏོན་ནས་གནད་དོན་དག་ཐེར་ལ་རིགས་དབྱེ་སྟེ་སྐུལ་འདེད་གཏོང་བ་དང་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་ཁྲིམས་ལྟར་འགན་འཁྲི་བདའ་འདེད་གཏོང་དགོས། གྲོས་ཞིབ་བསམ་འཆར་ཞིབ་འཇུག་དང་ཐག་གཅོད་བྱས་ཚུལ་དང་། དག་ཐེར་དང་འགན་འཁྲི་བདའ་འདེད་བྱས་ཚུལ་གཏན་འབེབས་ཀྱི་དུས་ཆད་ནང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་མཉམ་དུ་སྙན་ཞུ་བྱེད་དགོས། དགོས་ངེས་སྐབས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་སྙན་ཞུ་ཉན་ཆོག་པ་མ་ཟད་གྲོས་ཞིབ་ཀྱང་བྱེད་ཆོག རྩིས་བཤེར་བྱེད་རིང་ཞིབ་བཤེར་ཐུབ་པའི་གནད་དོན་གྱི་དག་ཐེར་དང་སྙན་ཞུ་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལམ་ལུགས་ཀྱི་གཏན་འབེབས་གཞིར་བཟུང་སྤེལ་དགོས།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་སྐུལ་འདེད་བརྟན་པོ་གཏོང་བའི་རྩ་དོན་ལྟར། དག་ཐེར་དང་འགན་འཁྲི་བདའ་འདེད་བཏང་ཚུལ་ལ་མཇུག་འདེད་ལྟ་སྐུལ་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། གཞུང་ཁོངས་རྒྱུ་ནོར་ལ་དོ་དམ་བྱས་ཚུལ་ལ་ལྟ་སྐུལ་བྱེད་སྐབས་ཤེས་རྟོགས་བྱུང་བའི་གནད་དོན་མངོན་གསལ་དོད་པོ་དང་། གྲོས་ཞིབ་བྱེད་སྐབས་བཏོན་པའི་བསམ་འཆར་དང་གྲོས་འགོ་བཏོན་པའི་གྲོས་ཆོད་དང་གཏན་འབེབས། དཔེ་མཚོན་གྱོད་གཞི་སོགས་ལ་སྒྲུབ་སྐུལ་གསལ་ཐོའི་ལམ་ལུགས་བཟོས་ནས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ནོར་དཔལ་ཨུ་ལྷན་གྱིས་ལྟ་སྐུལ་གྱི་ཞིབ་ཕྲའི་ལས་དོན་ལ་མཇུག་འདེད་བྱེད་པ་དང་དག་ཐེར་དོན་འཁྱོལ་ལ་སྒྲུབ་སྐུལ་བྱེད་དགོས། མི་དམངས་འཐུས་ཚོགས་ཀྱི་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དང་ཞིབ་བཤེར་ལྟ་སྐུལ་ཕན་ཚུན་འབྲེལ་མཐུད་བྱེད་པའི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འབྲེལ་ཡོད་ཆ་འཕྲིན་མཉམ་སྤྱོད་དང་ལས་དོན་འབྲེལ་བ་བྱེད་ཤུགས་ཆེ་རུ་བཏང་ནས་དག་ཐེར་དང་འགན་འདེད་ལ་སྐུལ་འདེད་གཏོང་དགོས།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་། གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་ལས་དོན་གྱི་ལོ་ལྔའི་འཆར་འགོད་དང་། གཞུང་ཁོངས་རྒྱུ་ནོར་དོ་དམ་བྱས་ཚུལ་གྱི་སྙན་ཞུ་དང་གྲོས་ཞིབ་བསམ་འཆར། ཆེད་དོན་བརྟག་ཞིབ་སྙན་ཞུ་དང་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཐོག་མའི་གྲོས་ཞིབ་བསམ་འཆར། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཞིབ་འཇུག་དང་ཐག་གཅོད་བྱས་པའི་གྲོས་ཞིབ་བསམ་འཆར་དང་། དེ་བཞིན་དག་ཐེར་དང་འགན་འཁྲི་བདའ་འདེད་བྱས་ཚུལ། གྲོས་ཆོད་དང་གཏན་འབེབས་ལག་བསྟར་བྱས་ཚུལ་གྱི་སྙན་ཞུ་བཅས་དུས་ཐོག་ཏུ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བརྡ་ཁྱབ་གཏོང་བ་དང་ཆབས་ཅིག་སྤྱི་ཚོགས་ཐོག་ཁྱབ་བསྒྲགས་བྱེད་དགོས། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་དེའི་སྡེ་ཚན་གྱིས་གཏན་འབེབས་གཞིར་བཟུང་རང་སྐྱོང་ལྗོངས་དང་། སྡེ་ཚན། ཚན་པ་བཅས་ལ་གཞུང་ཁོངས་རྒྱུ་ནོར་གྱི་སྙན་ཞུའི་རེའུ་མིག་དུས་ཐོག་ཏུ་ཡོངས་བསྒྲགས་བྱེད་དགོས་པ་དང་། བཅའ་ཁྲིམས་ལྟར་ཡོངས་བསྒྲགས་བྱེད་མི་ཆོག་པའི་རིགས་འདིའི་ཁོངས་སུ་གཏོགས་ཀྱི་མེད།
དྲུག རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་གཞུང་ཁོངས་རྒྱུ་ནོར་གཉེར་སྐྱོང་གི་སྔོན་རྩིས་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་གཞུང་ཁོངས་རྒྱུ་ནོར་གྱི་སྤྱིའི་བཀོད་ཇུས་དང་། མ་འཇོག་འཁོར་རྒྱུག ཡོང་འབབ་དོ་དམ་སོགས་ཁྲོད་གཞུང་ཁོངས་རྒྱུ་ནོར་གཉེར་སྐྱོང་སྔོན་རྩིས་ཀྱི་སྤྱི་འདོམས་གཅུན་འདོམས་དང་འདེགས་སྐྱོར་འགན་སྲུང་གི་ནུས་པ་ཆེ་རུ་གཏོང་དགོས། གཞུང་ཁོངས་རྒྱུ་ནོར་དོ་དམ་དང་སྔོན་རྩིས་དོ་དམ་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་སྟེ་སྔོན་རྩིས་མ་དངུལ་ལས་གྲུབ་པའི་རྨང་གཞིའི་སྒྲིག་བཀོད་དང་། སྲིད་གཞུང་གི་མ་འཇོག་ཐེབས་རྩ། སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་རྣམ་གྲངས་སོགས་འབྲེལ་ཡོད་གཞུང་ཁོངས་རྒྱུ་ནོར་གྱི་གནས་ཚུལ་ཁྱོན་ཡོངས་ནས་མཚོན་དགོས། གཞུང་ཁོངས་རྒྱུ་ནོར་ལ་དོ་དམ་བྱས་ཚུལ་གྱི་སྙན་ཞུ་དང་ལྟ་སྐུལ་བྱེད་རིང་གོང་ཞུ་བྱས་པའི་གནད་དོན་དང་བཏོན་པའི་བསམ་འཆར་དེ་ལོ་འཁོར་རྗེས་མའི་སྔོན་རྩིས་ལ་ཞིབ་བཤེར་བྱེད་པའི་གཞི་འཛིན་ས་གལ་ཆེན་དང་ཞིབ་བཤེར་བྱས་འབྲས་སྙན་ཞུའི་དཔྱད་གཞི་གལ་ཆེན་ལ་འཛིན་དགོས།
བདུན། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་ལས་ཀའི་འགན་འཁྲི་གཞིར་བཟུང་ཁྱོན་ཡོངས་ལ་ཁྱབ་པའི་གཞུང་ཁོངས་རྒྱུ་ནོར་གྱི་ཆ་འཕྲིན་མཉམ་སྤྱོད་ལས་སྟེགས་བཙུགས་ཏེ་འབྲེལ་ཡོད་སྡེ་ཚན་དང་ཚན་པ་ཕན་ཚུན་མཉམ་སྦྲེལ་མཉམ་མཐུད་ཐུབ་པ་དང་། གཞུང་ཁོངས་རྒྱུ་ནོར་དོ་དམ་གྱི་ཆ་འཕྲིན་དུས་ཐོག་ཏུ་ཕབ་འཇུག་དང་གསར་བརྗེས་བྱེད་པ། རྒྱུ་ནོར་གྱི་ཆ་འཕྲིན་གྲངས་གཞི་བདེན་པ་བདེན་ཐུབ་དང་། ཡང་དག་པ། ཆ་ཚང་བ་བཅས་ཡོང་བའི་འགན་ལེན་བྱེད་པ་དང་ཆབས་ཅིག མི་དམངས་འཐུས་ཚོགས་ཀྱི་སྔོན་རྩིས་དང་གཞུང་ཁོངས་རྒྱུ་ནོར་དྲ་སྦྲེལ་ལྟ་སྐུལ་མ་ལག་བརྒྱུད་དུས་བཀག་ལྟར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ནོར་དཔལ་ཨུ་ལྷན་གྱི་འབྲེལ་ཡོད་ལས་དོན་སྒྲིག་གཞིར་འབྲེལ་ཡོད་གཞུང་ཁོངས་རྒྱུ་ནོར་གྱི་གྲངས་གཞི་དང་ཆ་འཕྲིན་འབུལ་དགོས། ལྟ་སྐུལ་ལས་དོན་གྱི་དགོས་མཁོར་གཞིགས་ནས་དྲ་སྦྲེལ་གྲངས་གཞིའི་ཆ་འཕྲིན་ཕུད་པའི་གཞུང་ཁོངས་རྒྱུ་ནོར་དོ་དམ་སོགས་ཀྱི་ཆ་འཕྲིན་དཔྱད་ཡིག་གཞན་དག་དུས་ཐོག་ཏུ་མཁོ་འདོན་བྱེད་དགོས།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ནོར་དཔལ་ཨུ་ལྷན་གྱི་འབྲེལ་ཡོད་ལས་དོན་སྒྲིག་གཞིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་དབར་གྱི་ལས་དོན་འབྲེལ་གཏུག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ལྟ་སྐུལ་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། གཞུང་ཁོངས་རྒྱུ་ནོར་དོ་དམ་གྱི་འབྲེལ་ཡོད་གྲངས་གཞི་དང་དཔྱད་ཡིག་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱེད་པར་དོ་སྣང་བྱེད་པ། འབྲེལ་ཡོད་ཆ་འཕྲིན་དུས་ཐོག་ཏུ་ཕྱོགས་སྡོམ་བྱེད་པ། གོ་རིམ་ལྟར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་སྙན་སེང་ཞུ་བ་བཅས་བྱེད་དགོས།
བརྒྱད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་གཞུང་ཁོངས་རྒྱུ་ནོར་དོ་དམ་བྱས་ཚུལ་ལ་ལྟ་སྐུལ་བྱེད་སྐབས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། གཞུང་ཁོངས་རྒྱུ་ནོར་དོ་དམ་བྱས་ཚུལ་ལ་ལྟ་སྐུལ་བྱེད་སྐབས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་འབྲེལ་གཏུག་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་འབྲེལ་གཏུག་སོགས་ཀྱི་ལས་སྟེགས་དང་གཞི་རྟེན་ལ་བརྟེན་པ། གཞུང་ཁོངས་རྒྱུ་ནོར་ལ་ལྟ་སྐུལ་བྱེད་པའི་ལས་དོན་གྱི་འཆར་འགོད་དང་འཆར་གཞི་བཟོ་བ་དང་། ཆེད་དོན་བརྟག་ཞིབ། ཐོག་མའི་གྲོས་ཞིབ། མཇུག་འདེད་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་བརྒྱུད་རིམ་ནང་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞུགས་རྒྱུར་གདན་འདྲེན་པ་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་བསམ་འཆར་དང་གྲོས་འགོ་ཉན་པ་བཅས་བྱེད་དགོས།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ནོར་དཔལ་ཨུ་ལྷན་གྱིས་ལས་དོན་གྱི་དགོས་མཁོར་གཞིགས་ནས་འབྲེལ་ཡོད་རིགས་གཅིག་མཁས་ཅན་དང་། མཁས་དབང་། ཆེད་ལས་སྒྲིག་གཞི་བཅས་གདན་དྲངས་ཏེ་གཞུང་ཁོངས་རྒྱུ་ནོར་དོ་དམ་བྱས་ཚུལ་ལ་ལྟ་སྐུལ་བྱེད་སྐབས་བློ་འདྲི་དང་རྒྱབ་སྐྱོར་བྱེད་དགོས།
དགུ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཆུས་བཙུགས་པའི་གྲོང་ཁྱེར་དང་རྫོང(ཆུས)མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་ལས་དོན་ཐད་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་སྒོ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ས་ཁུལ་ཁག་གིས་ཁྲིམས་ལྟར་འཚོལ་ཞིབ་གསར་གཏོད་བྱེད་པར་རྒྱབ་སྐྱོར་དང་མཛུབ་ཁྲིད་བྱེད་པ། འབྲེལ་ཡོད་བྱེད་སྟངས་དང་ཉམས་མྱོང་དུས་ཐོག་ཏུ་ཕྱོགས་སྡོམ་བྱེད་པ། མི་དམངས་འཐུས་ཚོགས་ཀྱིས་གཞུང་ཁོངས་རྒྱུ་ནོར་ལ་ལྟ་སྐུལ་བྱེད་པའི་མཉམ་ཤུགས་ཆགས་པ། སྤྱི་ཡོངས་ཀྱི་ལྟ་སྐུལ་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱེད་དགོས།
ཆུས་བཙུགས་པའི་གྲོང་ཁྱེར་དང་རྫོང(ཆུས)མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ《གཞུང་ཁོངས་རྒྱུ་ནོར་དོ་དམ་བྱས་ཚུལ་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》དང་ད་ལྟའི་གཏན་འབེབས་འདི་གཞིར་བཟུང་གཞུང་ཁོངས་རྒྱུ་ནོར་དོ་དམ་བྱས་ཚུལ་ལ་ལྟ་སྐུལ་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ལྟ་སྐུལ་སྟོབས་ཤུགས་ཆེ་རུ་གཏོང་བ། ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་གཞུང་ཁོངས་རྒྱུ་ནོར་ལ་ལྟ་སྐུལ་བྱེད་པའི་མི་དམངས་འཐུས་ཚོགས་ཀྱི་འགན་འཁྲི་ཁྲིམས་ལྟར་སྒྲུབ་དགོས།
བཅུ། ད་ལྟའི་གཏན་འབེབས་འདི་ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱེད་དགོས།
འགན་འཁུར་རྩོམ་སྒྲིག་པ། 次旦多吉
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣