དབུ་ཤོག>སྲིད་དོན།
  • སྐྱེ་ཁམས་ཁོར་ཡུག་ལྟ་བཤེར་བྱེད་རིང་ཤེས་རྟོགས་ཐུབ་པའི་གནད་དོན་དག་ཐེར་ལ་དམ་འཛིན་ནན་པོ་དང་ཏན་ཏིག་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-04

    ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་བཞི་པ་བོད་དུ་བཅའ་སྡོད་བྱས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སྔར་བས་ཆེ་རུ་བཏང་སྟེ། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་དང་ལེན་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས་ཚུགས་གནས་མཐོ་པོས་སྐུལ་འདེད་དང་། ཚད་གཞི་མཐོ་པོས་དོན་འཁྱོལ། གནས་ཚད་མཐོ་པོས་སྒྲུབ་སྐུལ་བཅས་བྱེད་པ་དང་། བསྒྲུབ་རྒྱུར་རྩིས་སྤྲད་པའི་གནད་དོན་ལ་དམིགས་པ། སྒྲུབ་གཉེར་གྱི་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ། དག་ཐེར་དོན་འཁྱོལ་ལ་དམ་འཛིན་ལྷོད་མེད་བཅས་བྱས་ཏེ། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གྱིས་བསྒྲུབ་རྒྱུར་རྩིས་སྤྲད་པའི་གནད་དོན་དག་ཐེར་ལ་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱས་ཡོད།

    ཟླ་3ཚེས་31ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཆེད་མངགས་ཡིག་འབུལ་ཞུ་བཅར་གྱི་ཐེར་འདོན་གནད་དོན་དག་ཐེར་སྒྲུབ་སྐུལ་ལས་དོན་ཐད་མཆན་འགོད་མཛུབ་སྟོན་གནང་ཞིང་། ཁོང་གིས་གྲོང་ཁྱེར་དང་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཡག་པོ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི“ཏང་སྲིད་འགན་འཁྲི་མཉམ་འཁུར་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས”སྔར་བས་ནན་དུ་བཏང་ནས་འགོ་ཁྲིད་བློ་མཐུན་གཙོ་བོས་མདུན་བཅར་བཀོད་འདོམས་དང་འཐབ་ས་དང་པོར་ལྟ་སྐུལ་བྱེད་པ་དང་། ལྟ་བཤེར་ཚོགས་ཆུང་གིས་ཤེས་རྟོགས་ཐུབ་པ་དང་འབྲེལ་བཏོན་པའི་གནད་དོན་ཚང་མ་དང་ལེན་དང་རང་འགུལ་ངང་རྩིས་ལེན་ཞུས་ཏེ་དག་ཐེར་དམིགས་ཚད་དང་། དག་ཐེར་བྱ་ཐབས། དག་ཐེར་དུས་བཀག་བཅས་ཁ་གསལ་བཟོས་ནས་དག་ཐེར་ལས་དོན་ལ་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུ་གོ་སྐབས་སུ་བཟུང་སྟེ། གནད་དོན་ལ་ཐད་ཀར་གཏུགས་ཕོད་པ་དང་གནད་དོན་ཐག་གཅོད་བྱེད་མཁས་པོ་བྱས་ནས་ལྟ་བཤེར་བྱེད་ཞོར་དག་ཐེར་དང་། ཤེས་འཕྲལ་ལེགས་བཅོས། འཕྲལ་སྒྲུབ་འཕྲལ་བཅོས། ལེགས་བཅོས་ཏན་ཏིག་བཅས་མཐའ་འཁྱོངས་ཀྱིས་ཆོད་སེམས་ཆེ་ཤོས་དང་། ཤུགས་ཚད་ཆེ་ཤོས། བྱ་ཐབས་ནན་ཤོས་བཅས་ཀྱི་སྒོ་ནས་དག་ཐེར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ་དང་དག་ཐེར་གྱི་ཕན་འབྲས་དངོས་ལ་བརྟེན་ནས་མང་ཚོགས་ཀྱི་སེམས་ཁུར་དང་དོ་ཁུར་ལ་བརྡ་ལན་སློག་དགོས་པའི་ནན་བཤད་གནང་བ་རེད།

    དེ་ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ཀྱང་མཆན་འགོད་མཛུབ་སྟོན་གནང་ཞིང་། ཁོང་གིས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་རང་ལྗོངས་ལ་རྩིས་སྤྲད་པའི་ཡིག་འབུལ་ཞུ་བཅར་གྱི་ཐེར་འདོན་གནད་དོན་ནི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་དོ་ཁུར་དང་མང་ཚོགས་ཀྱིས་བསམ་འཆར་ཆེ་བའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཡིན་པས། ངེས་པར་དུ་ཚད་མཐོའི་མཐོང་ཆེན་བྱེད་དགོས། འབྲེལ་ཡོད་གྲོང་ཁྱེར་དང་ས་ཁུལ་དང་དེ་བཞིན་སྡེ་ཚན་གྱིས་མི་དམངས་མང་ཚོགས་ཀྱི་ཁེ་ཕན་ཨང་དང་པོར་བཞག་སྟེ་དག་ཐེར་སྒྲུབ་སྐུལ་གྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་ལམ་སེང་ཞིབ་དཔྱད་བསྡུར་བཤེར་སྒྲིག་འཛུགས་དང་། འཕྲལ་དུ་དག་ཐེར། དུས་ཐོག་ཏུ་སྤྱི་ཚོགས་ཐོག་ཡོངས་བསྒྲགས་བཅས་བྱེད་དགོས་ཞེས་གསུངས་པ་རེད།

    ཟླ་4ཚེས་1ཉིན་བར། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་བཞི་པས་རིམ་རྩིས་བྱས་ནས་བོད་ལ་ཁག་ཐེངས་བདུན་པའི་ཡིག་འབུལ་ཞུ་བཅར་གྱི་གནད་དོན་177བསྒྲུབ་རྒྱུར་རྩིས་སྤྲད་ཡོད་ཅིང་། དེ་དག་ཁྱབ་ཚུལ་དང་ཁུལ་ཁོངས་དབྱེ་བ་ཕྱེ་ན་ལྷ་ས་གྲོང་ཁྱེར་གྱི་གནད་དོན་138དང་། གཞིས་རྩེ་གྲོང་ཁྱེར་གྱི་གནད་དོན་13 ལྷོ་ཁ་གྲོང་ཁྱེར་གྱི་གནད་དོན་5 ཉིང་ཁྲི་གྲོང་ཁྱེར་གྱི་གནད་དོན་7 ཆབ་མདོ་གྲོང་ཁྱེར་གྱི་གནད་དོན་4 ནག་ཆུ་གྲོང་ཁྱེར་གྱི་གནད་དོན་8 མངའ་རིས་ས་ཁུལ་གྱི་གནད་དོན་2བཅས་ཡིན་པ་རེད། སྦགས་བཙོག་གི་རིགས་ནས་དབྱེ་བ་ཕྱེ་ན། ཆུའི་སྦགས་བཙོག་གི་གནད་དོན་35དང་། རླུང་ཁམས་ཆེ་མོའི་སྦགས་བཙོག་གི་གནད་དོན་48 ས་རྒྱུའི་སྦགས་བཙོག་གི་གནད་དོན་36 སྐྱེ་ཁམས་སྦགས་བཙོག་གི་གནད་དོན་39 འཛེར་སྒྲའི་སྦགས་བཙོག་གི་གནད་དོན་36 སྦགས་བཙོག་གཞན་དག་གི་གནད་དོན་12བཅས་ཚུད་ཡོད་པ་རེད། ལྟ་བཤེར་ལས་དོན་གྱི་གོ་རིམ་ལྟར་བདག་སྤྲོད་བྱས་པའི་ཡིག་འབུལ་ཞུ་བཅར་གྱི་ཐེར་འདོན་གནད་དོན་ཚང་མ་འབྲེལ་ཡོད་གྲོང་ཁྱེར་དང་ས་ཁུལ་ཁག་དང་དེ་བཞིན་འབྲེལ་ཡོད་ཚན་པར་བསྒྲུབ་རྒྱུར་རྩིས་སྤྲད་ཟིན་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།