དབུ་ཤོག>སྲིད་དོན།
  • ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ལག་བསྟར་གཏིང་ཟབ་བྱས་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2022-04-04

    1895655_yis_1649001600000_s.jpg

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་བཀྲས་ལྷུན་དགོན་དང་ས་སྐྱ་དགོན་དུ་བརྟག་ཞིབ་གནང་བར་ཕེབས་ཏེ་དགོན་སྡེའི་ལོ་རྒྱུས་དང་། དགེ་འདུན་པའི་སྒོམ་སྒྲུབ། དགོན་སྡེའི་དོ་དམ་གསར་གཏོད་ལ་ཤུགས་སྣོན། རིག་དངོས་སྲུང་སྐྱོབ་དང་མེ་ཟོན་བདེ་འཇགས། མི་རིགས་མཐུན་སྒྲིལ་འཛུགས་གཏོད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་བཀྲས་ལྷུན་དགོན་དུ་རིག་དངོས་སྲུང་སྐྱོབ་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བཞིན་པ།

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་བཀྲས་ལྷུན་དགོན་དང་ས་སྐྱ་དགོན་དུ་བརྟག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་ཆོས་ལུགས་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ལག་བསྟར་གཏིང་ཟབ་བྱེད་པ། རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། དད་སྦྱོར་ཡང་དག་བཅས་བྱས་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་གྱིས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    བཀྲས་ལྷུན་དགོན་དུ་ཝང་ཅུན་ཀྲེང་གིས། དགོན་སྡེའི་ལོ་རྒྱུས་དང་། དགེ་འདུན་པའི་སྒོམ་སྒྲུབ་ཉམས་ལེན། དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་། རིག་དངོས་སྲུང་སྐྱོབ། མེ་ཟོན་བདེ་འཇགས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ས་ལུང་ཕུན་ལགས་ལ་གཟིགས་པ་དང་འཚམས་འདྲི་གནང་བ། ཆོས་ལུགས་རིགས་ཁོངས་ཀྱི་འཐུས་མི་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་དང་གྲོས་འགོ་གསན་པ་མ་ཟད། ཚང་མའི་སློབ་སྦྱོང་དང་། སྒོམ་སྒྲུབ་ཉམས་ལེན། སྨན་བཅོས། འཚོ་བའི་ཆ་རྐྱེན་སོགས་ཀྱི་སྐོར་ལ་བཀའ་འདྲི་གནང་བ་རེད། ས་སྐྱ་དགོན་དུ་ཝང་ཅུན་ཀྲེང་ཚོམས་ཆེན་དང་། རྩ་ཆེའི་ནོར་རྫས་འགྲེམས་ཁང་། མི་རིགས་མཐུན་སྒྲིལ་འགྲེམས་ཁང་བཅས་སུ་ཕེབས་ནས་རིག་དངོས་སྲུང་སྐྱོབ་བེད་སྤྱོད་དང་མི་རིཌ་མཐུན་སྒྲིལ་འཛུཌ་གཏོད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད།

    བརྟག་ཞིབ་གནང་སྐབས་ཝང་ཅུན་ཀྲེང་གིས་དགོན་སྡེའི་དོ་དམ་ལས་དོན་ལ་ཤུགས་སྣོན་དང་གསར་གཏོད་ལ་ཐོབ་པའི་གྲུབ་འབྲས་གསར་པར་ཁས་ལེན་གང་ལེགས་གནང་བ་མ་ཟད། དགོན་སྡེའི་དགེ་འདུན་པ་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པར་བྱམས་བརྩེའི་འཚམས་འདྲི་ཡང་གནང་བ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་བ་དང་། མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་སྟེ། རིགས་པའི་གཞུང་ལུགས་དང་ལག་ལེན་ནས་དུས་རབས་གསར་པར་ཆོས་ལུགས་ལ་ངོས་འཛིན་ཇི་ལྟར་བྱེད་པ་དང་། ཆོས་ལུགས་ཀྱི་གནད་དོན་ལ་ཐག་གཅོད་ཇི་ལྟར་བྱེད་པ། ཏང་གི་ཆོས་ལུགས་ལས་དོན་ཡག་པོ་ཇི་ལྟར་སྒྲུབ་པ་སོགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ལན་གཏིང་ཟབ་བསྐྱོན་པ་དང་། ལྷག་པར་དུ་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་པའི་ལས་ཀའི་བླང་བྱར་རྒྱས་བཤད་གཏིང་ཟབ་གནང་སྟེ། དུས་རབས་གསར་པའི་བོད་ཀྱི་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་ཟབ་མོ་ཡིད་ལ་བརྟན་པོར་བཅངས་ཏེ། བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་དང་གོ་བ་བླངས་ནས་དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་མཛད་ཕྱོགས་སྲིད་ཇུས་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་ཀྱི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་ཏན་ཏིག་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། “གཏན་འཁེལ་གཉིས”ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་ཟབ་མོ་ཚོར་བར་བྱས་ཏེ། རང་རྟོགས་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གི་གནས་བབ་དང་གཙོ་འཛིན་གྱི་གནས་བབ་སེམས་ལ་བརྟན་པོར་ཟུག་པར་བྱེད་དགོས། པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་གཟི་བརྗིད་སྲོལ་རྒྱུན་སྔར་རྒྱུན་བཞིན་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། རང་རྟོགས་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་མཁན་ཞིག་ཧུར་ཐག་བྱེད་དགོས། ཆབ་སྲིད་ཐད་བློས་འཁེལ་བར་བྱས་ནས་རྒྱལ་གཅེས་ཡར་ཐོན་དང་། ནམ་ཡང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་དགེ་འདུན་པ་ཡག་པོ་ཞིག་བྱེད་དགོས་པ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་མོ་ཡོད་པར་བྱས་ནས་ཐོས་བསམ་སྒོམ་གསུམ་ལ་བརྩོན་པ་དང་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་རྒྱུན་འཛིན་ལ་སྐུལ་འདེད་གཏོང་མཁན་གྱི་དགེ་འདུན་པ་ཡག་པོ་ཞིག་བྱེད་དགོས་པ། སྤྱོད་ལམ་ཐད་དམངས་མགུ་པོ་ཡོང་བར་བྱས་ནས་སྒྲིག་བཀུར་ཁྲིམས་སྲུང་དང་འགྲོ་དོན་དོན་གཉེར་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་མཁན་གྱི་དགེ་འདུན་པ་ཡག་པོ་ཞིག་བྱེད་དགོས་པ། འགག་རྩའི་དུས་སུ་ནུས་པ་ཐོན་པར་བྱས་ནས་ལངས་ཕྱོགས་བརྟན་པོས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་མཁན་གྱི་དགེ་འདུན་པ་ཡག་པོ་ཞིག་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། “རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་ནས་རྒྱལ་ཁབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ། རྒྱལ་གཅེས་བརྩེ་སེམས་དང་། རྒྱལ་ཁབ་སྟོབས་ཆེར་གཏོང་བའི་བློ་སྟོབས། རྒྱལ་ཁབ་ཀྱི་བཀའ་དྲིན་གསོ་བའི་སྤྱོད་ལམ་བཅས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་རིང་མཉམ་འདྲེས་ཐུབ་པར་བྱེད་དགོས། སྤྱི་དམངས་ཀྱི་འདུ་ཤེས་བརྟན་པོར་བཙུགས་ནས་ཆོས་ལུགས་ལས་རྒྱལ་ཁབ་ཆེ་བ་དང་། འདུལ་ཁྲིམས་ལས་རྒྱལ་ཁྲིམས་ཆེ་བ། ཆོས་འབངས་ལས་སྤྱི་དམངས་ཆེ་བ། བཅའ་ཁྲིམས་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་བཅས་ཀྱི་ཁྲིམས་སྐྱོང་འདུ་ཤེས་བརྟན་པོ་འཛུགས་དགོས། ཁྲིམས་སྐྱོང་འདུ་ཤེས་བརྟན་པོ་བཙུགས་ནས་ཁྲིམས་མཐུན་སྲུང་སྐྱོང་དང་། ཁྲིམས་འགལ་བཀག་འགོག ཐལ་སྐྱོད་གཏན་འགོག སིམ་འཛུལ་བཀག་འགོག ཉེས་གསོག་ལ་རྡུང་རྡེག་གཏོང་བ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་བོད་བརྒྱུད་ནང་བསྟན་གྱི་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཆོས་ལུགས་རིགས་ཁོངས་ཀྱི་མི་སྣ་དང་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་དགོན་སྡེའི་དགེ་འདུན་པའི་སློབ་གསོ་དོ་དམ་དང་ཞབས་འདེགས་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། ཁྲིད་སྟོན་ཡག་པོ་དང་། དོ་དམ་ཡག་པོ། ཞབས་འདེགས་ཡག་པོ་ཞུ་བ་བཅས་བྱས་ནས་འཚོ་བའི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་བཏང་སྟེ། རྒྱ་ཆེའི་དགེ་འདུན་པ་དང་དད་ལྡན་མང་ཚོགས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཡོང་བར་བྱེད་དགོས། དགོན་སྡེའི་མེ་ཟོན་དང་རིག་དངོས་བདེ་འཇགས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་དགོན་སྡེའི་རིག་དངོས་སྲུང་སྐྱོབ་དོ་དམ་ལ་དམ་འཛིན་ཡག་པོ་བྱེད་པ་དང་མེ་ཟོན་ལས་གྲྭ་དང་རྨང་གཞིའི་སྒྲིག་བཀོད་ཀྱི་སྒྱུར་བཀོད་ལག་བསྟར་མགྱོགས་པོ་བྱས་ནས། རིག་དངོས་སྲུང་སྐྱོབ་དང་མེ་ཟོན་བདེ་འཇགས་ལས་དོན་གྱི་ནུས་པ་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།