དབུ་ཤོག>སྲིད་དོན།
  • ལོ་ལྔ་ཚན་བརྒྱད་པའི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-02

    (2022ལོའི་ཟླ་3ཚེས་31ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་དགུ་པའི་ཐོག་གྲོས་འཆམ་བྱུང་བ)

    2016ལོ་ནས་2020ལོ་བར་ལྗོངས་ཡོངས་ཀྱི་ལོ་ལྔ་ཚན་བདུན་པའི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་གྲོས་ཆོད་བདེ་བླག་ངང་ལག་བསྟར་བྱས་ཚུན་རྩ་ཁྲིམས་དང་། རྒྱལ་ཁབ་ཀྱི་གཞི་རྩའི་བཅའ་ཁྲིམས། རང་ལྗོངས་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཅས་དྲིལ་བསྒྲགས་གཏིང་ཟབ་བྱས་པ་དང་། དམངས་ཡོངས་ཀྱི་ཁྲིམས་སྦྱོང་ཁྲིམས་སྲུང་ཁྲིམས་སྤྱོད་བཅས་ལ་སྐུལ་འདེད་གཏིང་ཟབ་བཏང་བ། ཁྲིམས་སྐྱོང་རིག་གནས་འཛུགས་སྐྱོང་ཤུགས་ཆེར་སྤེལ་བ། ཁྲིམས་བཞིན་བཅོས་སྐྱོང་བརྟན་པོས་སྤེལ་བ།    ཁྲིམས་སྐྱོང་འདུ་ཤེས་མངོན་གསལ་དོད་པོས་ཟབ་ཏུ་ཕྱིན་པ། ལོ་ལྔ་ཚན་བདུན་པའི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་འཆར་འགོད་བདེ་བླག་དང་ནུས་ལྡན་ངང་ལག་བསྟར་བྱས་པ་བཅས་ལ་བརྟེན། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་དམ་འཛིན་ཡག་པོ་བྱེད་པ། 《ལོ་ལྔ་ཚན་བརྒྱད་པའི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད》ལག་ལེན་མཐར་ཕྱིན་བསྟར་བ། ལྗོངས་ཡོངས་ཀྱི་ལོ་ལྔ་ཚན་བརྒྱད་པའི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་འཆར་འགོད་བདེ་བླག་དང་ནུས་ལྡན་ངང་ལག་བསྟར་བཅས་བྱ་ཆེད། 2021ལོ་ནས་2025ལོ་བར་ལྗོངས་ཡོངས་སུ་ལོ་ལྔ་ཚན་བརྒྱད་པའི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་སྤེལ་རྒྱུ་ནི་ཧ་ཅང་དགོས་ངེས་ཤིག་རེད། ལོ་ལྔ་ཚན་བརྒྱད་པའི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་སྤེལ་བ་བརྒྱུད་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཁྲིམས་སྐྱོང་བྱང་ཚད་དང་སྤྱི་ཚོགས་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་མངོན་གསལ་དོད་པོ་ཕྱིན་ནས། སྤྱི་ཚོགས་ཡོངས་ཀྱིས་ཁྲིམས་བཀུར་ཁྲིམས་སྦྱོང་ཁྲིམས་སྲུང་ཁྲིམས་སྤྱོད་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་རྒྱུར་དམིགས་ནས་གྲོས་ཆོད་འདི་དམིགས་སུ་བཀར་ནས་བཏོན་པ་གཤམ་གསལ།

    གཅིག ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པས་དམངས་ཡོངས་ཀྱི་ཁྲིམས་ལུགས་ཁྱབ་གདལ་ལས་དོན་ལ་ཁྲིད་སྟོན་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། “མཐའ་འཁྱོངས་བཅུ་གཅིག”དེ་སློབ་སྦྱོང་དྲིལ་བསྒྲགས་ཀྱི་གཙོ་གནད་ལ་འཛིན་པ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་ནང་དོན་ཁོང་དུ་ཡང་དག་ཆུད་པ་བཅས་བྱེད་དགོས། ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། ཁྲིམས་བསྟར་ནན་པོ། དྲང་གཞག་ཁྲིམས་འཛིན་བཅས་དྲིལ་བསྒྲགས་ཤུགས་ཆེན་བྱེད་རྒྱུ་དང་དམངས་ཡོངས་ལ་ཁྲིམས་ལུགས་ཁྱབ་གདལ་གཏོང་རྒྱུ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་བརྒྱུད། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སེམས་ལ་འཇགས་པ་དང་དངོས་དོན་དང་ཟུང་འབྲེལ་བྱས་ནས་སྤྱི་ཚོགས་ཡོངས་ལ་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་ཐོག་བསྐྱོད་རྒྱུར་ཁྲིད་སྟོན་བྱེད་དགོས།

    གཉིས། རྩ་ཁྲིམས་ལྟེ་བར་བྱས་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་དྲིལ་བསྒྲགས་ཤུགས་ཆེན་བྱེད་དགོས། ལྗོངས་ཡོངས་ཀྱི“ཁུལ་གསུམ་མཐོ་ས་གཅིག”འཛུགས་གཏོད་ལས་དོན་ལ་དམ་པོར་དམིགས་ནས་རྩ་ཁྲིམས་དང་དེ་འབྲེལ་བཅའ་ཁྲིམས་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་རྒྱུ་གནས་བབ་ཨང་དང་པོར་བཞག་སྟེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་འཛུགས་པ་དང་སྤྱི་དམངས་ཀྱི་ཐོབ་ཐང་མོས་སེམས་གཅིག་མཐུན་ཡོང་བ་བྱས་ནས་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་བསམ་བློའི་རྨང་གཞི་བརྟན་པོ་འཛུགས་དགོས། དམངས་དོན་ཁྲིམས་གཞུང་སློབ་སྦྱོང་དྲིལ་བསྒྲགས་མུ་མཐུད་བྱས་ནས་སྤྱི་ཚོགས་ཡོངས་སུ་འདྲ་མཉམ་དང་། རང་མོས། དྲང་གཞག ཡིད་རྟོན་བཅས་ཀྱི་ཁྲིམས་སྐྱོང་འདུ་ཤེས་དར་སྤེལ་བཏང་སྟེ་དམངས་དོན་ཁྲིམས་གཞུང་མང་ཚོགས་ལ་དྲིལ་བསྒྲགས་ཐུབ་པ་དང་མང་ཚོགས་ཀྱི་སེམས་ལ་ཟུག་པ་བྱས་ནས་སྤྱི་ཚོགས་དང་དཔལ་འབྱོར་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས། བོད་ཀྱི་བརྟན་ལྷིང་དང་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམིགས་ནས་སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་དང་དེ་བཞིན་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ། འཇིགས་སྐུལ་ལ་ངོ་རྒོལ། གསང་མྱུལ་ལ་ངོ་རྒོལ། ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་གཏོང་བ་བཅས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་། བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཟངས་གྱང་ལྕགས་རྩིག་བརྟན་པོ་ཞིག་ཆགས་པར་བྱས་ཏེ་ཡུན་རིང་བདེ་འཁོད་ཀྱི་ཕུགས་ཕན་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་ཤུགས་སྣོན་རྒྱག་རྒྱུར་དམིགས་ནས་མི་རིགས་ལས་དོན་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ་སྤྱི་ཚོགས་ཡོངས་ལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུར་ཁྲིད་སྟོན་བྱེད་དགོས། ཁྲིམས་བཞིན་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་བཅའ་ཁྲིམས་ཁྲིམས་སྲོལ་ལ་དམིགས་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་པ་དང་། ཆོས་ལུགས་ཞི་དུལ་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ལ་སྐུལ་འདེད་གཏོང་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ནས་འདྲ་མཉམ་སྲུང་སྐྱོབ་དང་དྲང་གཞག་འགྲན་རྩོད། ཁྲོམ་རའི་བྱེད་པོའི་གསོན་ཤུགས་འཕེལ་བ་བཅས་ཐད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས། དམངས་འཚོ་ལེགས་གཏོང་དང་འགན་སྲུང་ལ་དམིགས་ནས་བུད་མེད་དང་། བྱིས་པ། རྒན་རྒོན། དབང་པོ་སྐྱོན་ཅན། ཞིང་པ་ལས་མི་བཅས་ཀྱི་ཁེ་དབང་སྲུང་སྐྱོང་དང་། དམག་མི་དང་དམག་མིའི་ནང་མིའི་ཁེ་དབང་འགན་སྲུང་། དེ་བཞིན་རིམས་ནད་སྔོན་འགོག་དང་ཚོད་འཛིན། བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་། གློག་འཕྲིན་དྲ་རྒྱའི་ཁ་བསླུས་འགོག་ཟོན་བཅས་ཐད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་དང་ལྷག་པར་དུ་གཉོད་ཆུང་ཚོགས་སྤྱིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་གཏོང་བར་དམིགས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་མཉམ་དུ་ཕྱུག་པོ་ཆགས་པར་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་གི་ཐོན་ཁུངས་སྲུང་སྐྱོང་བྱེད་རྒྱུར་དམིགས་ནས་ནགས་ཚལ་རྩྭ་ཐང་འདམ་ར་སྲུང་སྐྱོང་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་། ཆུ་འགོའི་ཁུལ་སྲུང་སྐྱོང་། ས་རྒྱུ་སྲུང་སྐྱོང་། རླུང་ཁམས་ཆེ་མོ་སྲུང་སྐྱོང་བཅས་ཐད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་དང་དམངས་འཚོ་ལེགས་གཏོང་ཟུང་འབྲེལ་བྱས་ནས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་པའི་ཁྲིམས་སྐྱོང་གི་རྨང་གཞི་བརྟན་དུ་གཏོང་དགོས། བོད་སྐྱོང་བོད་བརྟན་བོད་དར་ལ་དམིགས་ནས་མཐའ་མཚམས་བརྟན་ལྷིང་དར་རྒྱས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་པར་སློབ་གསོ་ཁྲིད་སྟོན་བྱེད་དགོས།

    གསུམ། གནད་སྨིན་ཁྲིམས་ལུགས་ཁྱབ་གདལ་གྱི་སློབ་གསོ་ཕྱོགས་ཡོངས་ནས་སྤེལ་དགོས། སྤྱི་དམངས་ཀྱི་ཚེ་གང་ཁྲིམས་སྐྱོང་སློབ་གསོའི་ལམ་ལུགས་ལག་བསྟར་བྱས་ནས་ཁྲིམས་སྐྱོང་སློབ་གསོ་དེ་ལས་བྱེད་པའི་སློབ་གསོའི་མ་ལག་དང་རྒྱལ་དམངས་ཀྱི་སློབ་གསོའི་མ་ལག སྤྱི་ཚོགས་ཀྱི་སློབ་གསོའི་མ་ལག་བཅས་ཀྱི་ནང་བཅུག་སྟེ་སྤྱི་དམངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཁྲིམས་སྐྱོང་བྱང་ཚད་མུ་མཐུད་མཐོ་རུ་གཏོང་དགོས། འགོ་ཁྲིད་ལས་བྱེད་པས་སྣེ་འཁྲིད་ནས་ཁྲིམས་བཀུར་ཁྲིམས་སྦྱོང་ཁྲིམས་སྤྱོད་དང་དཔེ་སྟོན་ཁྲིམས་སྲུང་བྱེད་རྒྱུ་དེ་ཁྲིམས་སྐྱོང་འདུ་ཤེས་འཛུགས་པའི་འགག་རྩར་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་རྒྱལ་ཁབ་ཀྱི་ལས་དོན་མི་སྣའི་ཁྲིམས་ལྟར་ལས་སྒྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་འཇོན་ཐང་ཆེ་རུ་ཏན་ཏིག་གཏོང་དགོས། གཞོན་ནུ་ལོ་ཆུང་ལ་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་རྒྱུ་མཐའ་འཁྱོངས་བྱས་ནས་གཞོན་ནུ་ལོ་ཆུང་ལ་ཆུང་དུས་ནས་ཁྲིམས་བཀུར་ཁྲིམས་སྦྱོང་ཁྲིམས་སྲུང་ཁྲིམས་སྤྱོད་བཅས་ཀྱི་གོམས་གཤིས་བཟང་པོ་འཇགས་རྒྱུར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས། ཆོས་ལུགས་བྱེད་སྒོ་སྤེལ་ཁུལ་དུ་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་རྒྱུ་མཐའ་འཁྱོངས་བྱས་ནས་དྲིལ་བསྒྲགས་སློབ་གསོའི་ཕན་ནུས་ཆེ་རུ་ཧུར་ཐག་གཏོང་དགོས། ཞིང་འབྲོག་མང་ཚོགས་ལ་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་རྒྱུ་མཐའ་འཁྱོངས་བྱས་ནས“ཁྲིམས་ལུགས་གཤམ་སྤེལ”གྱི་བྱེད་སྒོ་རྒྱ་ཁྱབ་སྤེལ་ཏེ་ཞིང་འབྲོག་མང་ཚོགས་ལ་ལས་དོན་ཁྲིམས་བཞིན་སྒྲུབ་པ་དང་གནད་དོན་འཕྲད་སྐབས་ཁྲིམས་འཚོལ་བ། གནད་དོན་ཐག་གཅོད་བྱེད་སྐབས་ཁྲིམས་སྤྱོད་པ། འགལ་ཟླ་སེལ་སྐབས་ཁྲིམས་ལ་བརྟེན་པ་བཅས་ཀྱི་གོམས་གཤིས་བཟང་པོ་འཇགས་རྒྱུར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས།

    བཞི། ཁྲིམས་ལུགས་ཁྱབ་གདལ་དང་ཁྲིམས་བཞིན་བཅོས་སྐྱོང་བྱེད་རྒྱུ་མཉམ་འདྲེས་དམ་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས། ཏང་རྩ་འཛུགས་འགོ་ཁྲིད་ཀྱི་རང་སྐྱོང་དང་ཁྲིམས་སྐྱོང་། སྤྱོད་སྐྱོང་བཅས་ཟུང་འབྲེལ་གྱི་གྲོང་ཁྱེར་དང་གྲོང་གསེབ་དང་གཞི་རིམ་གྱི་ཁྲིམས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་མཉམ་སྐྲུན་མཉམ་སྐྱོང་མཉམ་སྤྱོད་བཅས་ཀྱི་བཅོས་སྐྱོང་རྣམ་པ་ཞིག་ཆགས་པར་བྱེད་དགོས། མཐའ་མཚམས་གྲོང་ཚོ(གྲོང་ལྷན)དང་། ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོས་བྱེད་ས། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་འདོད་རྙོག་འཛིང་ཆེ་བའི་གྲོང་ཚོ(གྲོང་ལྷན)བཅས་གཙོ་གནད་དུ་བཟུང་ནས་དམངས་གཙོ་ཁྲིམས་སྐྱོང་གི་དཔེ་སྟོན་གྲོང་ཚོ(སྡེ་ཁུལ)འཛུགས་གཏོད་དཔྱད་བསྡུར་གྱི་བྱེད་སྒོ་སྤེལ་ཏེ་གྲོང་གསེབ(སྡེ་ཁུལ)ཀྱི“བཅའ་ཁྲིམས་གསལ་ཤེས་མི་སྣ”གསོ་སྐྱོང་འདུ་འགོད་ལག་བསྟར་ཤུགས་ཆེན་བྱེད་དགོས། གཞི་རིམ་སྤྱི་ཚོགས་ཁྲིམས་བཞིན་བཅོས་སྐྱོང་གི་ལམ་ལུགས་ལེགས་སུ་བཏང་ནས་གྲོང་སྲོལ་དམངས་ཆིངས་དང་ཡུལ་མིའི་སྤྱི་ཆིངས། དགོན་སྲོལ་གྲྭ་ཆིངས་བཅས་འཐུས་སྒོ་ཚང་དུ་གཏོང་དགོས། “བཅའ་ཁྲིམས་དྲ་ཐོག་དྲིལ་བསྒྲགས”གཏིང་ཟབ་ཀྱིས་དྲ་རྒྱའི་བདེ་འཇགས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་རྒྱ་ཆེའི་དྲ་དམངས་ལ་ཀུན་སྤྱོད་གོང་བཀུར་ཁྲིམས་སྲུང་དང་། ཤེས་དཔལ་སྤེལ་རེས། དཔྱོད་ཤེས་ངང་མཚོན་པ་བཅས་བྱེད་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས། ལས་རིགས་ཁྲིམས་བཞིན་བཅོས་སྐྱོང་གཏིང་ཟབ་བྱས་ནས་ལས་རིགས་ཁག་ཚད་ལྡན་དང་གོ་རིམ་ལྡན་པའི་གོང་འཕེལ་ཡོང་རྒྱུར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་དགོས། ཡིག་འབུལ་ཞུ་བཅར་གྱི་ཁྲིམས་ལུགས་ཁྱབ་གདལ་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་མི་དམངས་མང་ཚོགས་ཀྱིས་ཁྲིམས་བཞིན་ལུགས་མཐུན་སྒོ་ནས་རེ་ཞུ་བྱ་རྒྱུར་སློབ་གསོ་གཏོང་དགོས།

    ལྔ། ཁྲིམས་ལུགས་ཁྱབ་གདལ་ལས་དོན་གྱི་དམིགས་སའི་རང་བཞིན་དང་ཕན་ནུས་རང་བཞིན་ཆེ་རུ་གཏོང་དགོས། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་མཐའ་འཁྱོངས་དང་གོང་འཕེལ་བཏང་ནས་ཁྲིམས་ལུགས་ཁྱབ་གདལ་དེ་ཁྲིམས་འཛུགས་དང་། ཁྲིམས་བསྟར། ཁྲིམས་འཛིན། བཅའ་ཁྲིམས་ཞབས་ཞུ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་མཉམ་འདྲེས་ཐུབ་པ་བྱས་ནས་སྤྱི་ཚོགས་ཞུགས་ཁྱོན་ཆེ་རུ་གཏོང་བ་དང་། དྲིལ་བསྒྲགས་འཆད་འགྲེལ་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་ཀྱི་སྤྱི་དམངས་ཀྱིས་ཁྲིམས་བཞིན་དོན་དག་བསྒྲུབ་རྒྱུར་ཁྲིད་སྟོན་བྱེད་དགོས། གྱོད་དཔེར་བརྟེན་ནས་ཁྲིམས་ལུགས་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་སྟེ་ལྟ་ཞིབ་ལས་ཁུངས་དང་ཁྲིམས་འཛིན་ལས་ཁུངས། སྲིད་འཛིན་ཁྲིམས་བསྟར་ལས་ཁུངས་བཅས་ཀྱིས་གྱོད་དཔེར་བརྟེན་ནས་ཁྲིམས་ལུགས་འགྲེལ་བཤད་རྒྱག་པའི་ལམ་ལུགས་དང་དཔེ་མཚོན་གྱོད་དཔེ་ཡོངས་ཁྱབ་ཁྱབ་བསྒྲགས་དང་འཆད་འགྲེལ་ལམ་ལུགས་ལག་བསྟར་གྱིས་དཔེ་མཚོན་གྱོད་དཔེ་གང་ལེགས་སྤྱད་དེ་སྤྱི་དམངས་ལ་ཁྲིམས་ལུགས་འཆད་འགྲེལ་བྱེད་དགོས། ལག་རྩལ་གསར་པ་དང་སྨྱན་སྦྱོར་གསར་པ་སྤྱད་དེ་ཁྲིམས་ལུགས་ཁྱབ་གདལ་བཏང་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་དངོས་ཕན་རང་བཞིན་དང་གསོན་ཉམས་དོད་པའི་རང་བཞིན། དང་ལེན་སླ་བའི་རང་བཞིན་བཅས་ཆེ་རུ་བཏང་སྟེ་ཁྲིམས་ལུགས་ཁྱབ་གདལ་གཏོང་ཡུལ་གྱི་ཞུགས་ཚོར་དང་མྱོང་ཚོར། ཐོབ་སྣང་བཅས་ཆེ་རུ་གཏོང་དགོས།

    དྲུག སྒྲིག་འཛུགས་ལག་བསྟར་དང་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས། རིམ་ཁག་སྲིད་གཞུང་གིས་ལོ་ལྔ་ཚན་བརྒྱད་པའི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ལས་དོན་གྱི་འཆར་འགོད་དང་གྲོས་ཆོད་སྒྲིག་འཛུགས་ལག་བསྟར་ཧུར་ཐག་བྱས་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ལས་དོན་གྱི་ལམ་སྲོལ་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་བ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། མཛུབ་ཁྲིད་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐུལ་སློང་ཧུར་ཐག་གིས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་སྤེལ་དགོས། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་འགན་འཁྲིའི་ཚན་པས་འགན་འཁྲི་གཙོ་བོ་འཁུར་མཁན་ནམ་ཡང་ན་ཁྲིམས་བཀོད་འཐུས་ཚབ་པས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ལས་དོན་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་འཁུར་མཁན་ཨང་དང་པོའི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། ཁྲིམས་ལུགས་ཁྱབ་གདལ་འགན་འཁྲིའི་གསལ་ཐོའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ཁྲིམས་ལུགས་ཁྱབ་གདལ་གྱི་འགན་འཁྲི་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་ཏང་ཨུད་ཀྱི་འགོ་ཁྲིད་འོག་ཁྲིམས་ལུགས་ཁྱབ་གདལ་ཆེ་མོའི་ལས་ཀའི་རྣམ་པ་ཞིག་ཆགས་པར་བྱེད་དགོས། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ལས་དོན་གསར་གཏོད་བྱེད་རྒྱུར་སྐུལ་འདེད་གཏོང་བ་དང་གཞི་རྟེན་དང་གཡུལ་ས་བསྐྲུན་རྒྱུར་དམ་འཛིན་གྱིས་མཉམ་འདྲེས་སྨྱན་སྦྱོར་ལ་བརྟེན་ནས་ཁྲིམས་ལུགས་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་དགོས། ཁྲིམས་ལུགས་ཁྱབ་གདལ་ལས་དོན་གྱི་དཔྱད་ཞིབ་དཔྱད་དཔོག་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་དུས་དཀྱིལ་གྱི་དཔྱད་དཔོག་དང་མཐའ་མའི་ཞིབ་བཤེར་ཡག་པོ་བྱས་ཏེ་ཞིབ་བཤེར་བྱས་འབྲས་བེད་སྤྱོད་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས། རིམ་ཁག་མི་དམངས་སྲིད་གཞུང་གིས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ལས་དོན་ཧུར་ཐག་སྤེལ་ནས་རིམ་པ་དེ་གའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ལས་དོན་སྤེལ་ཚུལ་སྙན་སེང་ཞུ་དགོས། རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་དང་དེ་བཞིན་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོའི་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་གྲོས་ཆོད་འདི་ལག་བསྟར་དོན་འཁྱོལ་ཐུབ་པར་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།