དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་ཡིས་ཀྲེ་ཅང་ཞིང་ཆེན་བརྟག་ཞིབ་ཚོགས་ཆུང་དང་བཅས་པར་བཞུགས་མོལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-01

    ཚེས་29ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ལྷ་སར་ཀྲེ་ཅང་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་ཀྲུའུ་ཚུང་ཅིའུ་ཡིས་སྣེ་ཁྲིད་གནང་བའི་བརྟག་ཞིབ་ཚོགས་ཆུང་དང་བཅས་པར་བཞུགས་མོལ་གནང་སྟེ། ས་གནས་གཉིས་ཀྱི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་བོད་སྐྱོར་ཇུས་ཆེན་ལ་མཉམ་དུ་གྲོས་བསྡུར་གནང་བ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཇམ་དཔལ་བཞུགས་མོལ་ལ་མཉམ་དུ་ཞུགས་ཡོད་པ་རེད།

    ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཚབ་ཞུས་ནས། ཀྲེ་ཅང་ཞིང་ཆེན་གྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་ཤུགས་ཆེན་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།  རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུར་གནང་རྗེས། ཡན་ཅིན་ཧའེ་ཡིས་ཡུན་རིང་ཚུན་དུ། ཀྲེ་ཅང་ཞིང་ཆེན་གྱིས་བོད་སྐྱོར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། བརྩེ་བ་ཟབ་མོས་རོགས་རམ་དང་རོགས་སྐྱོར་ཤུགས་ཆེན་བྱས་ཏེ། བོད་སྐྱོར་ལས་བྱེད་པ་ཁག་དང་ཁག་གིས“སྲོག་གནས་དཀའ་ཁུལ”ལ་འགྲན་སློང་བྱེད་པ་དང་། བྱང་རྩྭ་ཐང་བརྟན་སྲུང་བྱས་ནས། བོད་དང་ལྷག་པར་དུ་ནག་ཆུ་གྲོང་ཁྱེར་གྱི་བྱ་གཞག་ཁག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་བས་བརྟན་པོ་འཛུགས་པར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཀྲེ་ཅང་ཞིང་ཆེན་གྱིས་སྔ་ཕྱི་བར་གསུམ་དུ་བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་དང་། ཁ་གཏད་རོགས་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཀྲུའུ་ཚུང་ཅིའུ་ཡིས། བོད་ཀྱི་ནག་ཆུར་ཁ་གཏད་རོགས་སྐྱོར་བྱེད་པ་ནི་ཀྲེ་ཅང་གི་འདོར་ཐབས་མེད་པའི་གཟི་བརྗིད་ལྡན་པའི་ཆབ་སྲིད་ཀྱི་འགན་འཁྲི་ཞིག་རེད། ཀྲེ་ཅང་གིས་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ནས་ཁ་གཏད་བོད་སྐྱོར་གྱི་ལས་དོན་སྤུས་ཚད་མཐོ་པོས་ཡག་པོ་སྒྲུབ་པ་དང་སྦྲགས། དེ་སྦྲེལ་ཟམ་དང་སྦྲེལ་ཐག་ཅིག་ཏུ་བརྩིས་ནས་བོད་དང་མཉམ་ལས་སྤེལ་རེས་ཟབ་ཏུ་བྱེད་པ་དང་། ལག་གདང་སྦྲེལ་ནས་ཐུན་མོང་ཐོག་འཕེལ་རྒྱས་བཏང་སྟེ། ཀྲེ་ཅང་དང་བོད་ལྗོངས་ཁྱིམ་ཚང་གཅིག་ལྟར་གྱི་ལེའུ་གསར་པ་མུ་མཐུད་བརྩམས་ནས། “མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར”བྱེད་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་གྱི་ཡིན་ཞེས་གསུངས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།