དབུ་ཤོག>སྲིད་དོན།
  • ཀརྨ་ཚེ་བརྟན་གྱིས་ཆབ་མདོ་གྲོང་ཁྱེར་དུ་བརྟན་ལྷིང་སྲུང་སྐྱོང་ལ་ལྟ་སྐུལ་མཛུབ་ཁྲིད་དང་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-31

    ལྗོངས་ཏང་ཨུད་ཀྱི་སྤྱིའི་བཀོད་སྒྲིག་གཞིར་བཟུང་། ཟླ་3ཚེས་12ཉིན་ནས་ཚེས་26ཉིན་བར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཀརྨ་ཚེ་བརྟན་དང་བཅས་པ་ཆབ་མདོ་གྲོང་ཁྱེར་གྱི་རྫོང(ཆུས)11ཏུ་ཕེབས་ནས་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ་མ་ཟད། འཐབ་ཕྱོགས་གཅིག་གྱུར་པུའི་མི་རིགས་དང་ཆོས་ལུགས་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་ཀྱང་གནང་བ་རེད།

    ཀརྨ་ཚེ་བརྟན་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བ་གཙོ་རྐང་དུ་བྱས་ནས་བརྟན་ལྷིང་སྲུང་སྐྱོང་གི་བདེ་འཇགས་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི། རིམ་པ་ཁག་དང་སྡེ་ཚན་ཁག་དང་ཏང་ཡོན་ལས་བྱེད་པ་ཡོངས་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཡིན། དེས་ན་བྱ་སྤྱོད་དངོས་ལ་བརྟེན་ནས་རིམ་དབྱེའི་འགན་འཁྲི་དང་ཁོངས་གཏོགས་དོ་དམ་གྱི་འགན་འཁྲི་ནན་དུ་གཏོང་བ་དང་། ཉེན་བརྡ་རྒྱུན་གཏོང་དང་རྒྱུན་དུ་ནས་དོགས་ཟོན་རྒྱུན་འཁྱོངས། བསམ་བློའི་རྩ་བ་དེ་དམ་པོར་འཛིན་པ་དང་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་དམ་འཛིན་ནན་པོ། ཏཱ་ལའི་རུ་ཚོགས་དང་མཐའ་གཅིག་ཏུ་འཐབ་རྩོད། ཁ་ཕྲལ་ལ་ངོ་རྒོལ་དང་སིམ་འཛུལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཟངས་གྱང་ལྕགས་རྩིག་བརྟན་པོ་འཛུགས་པ་བཅས་བྱས་ནས། ཆོས་ལུགས་ཞི་མཐུན་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

    ཀརྨ་ཚེ་བརྟན་གྱིས“རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་ནས། “ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་གྱི་བྱེད་སྒོར་རྒྱུན་དུ་སྐུལ་འདེད་གཏོང་བ་དང་། “ཕན་འདོགས་པ་ལྔའི”ཚད་གཞི་མཐའ་འཁྱོངས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”ལས་དོན་ལ་ཧུར་ཐག་ཞུགས་པ་བཅས་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།