དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་སོ་དགུ་པ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尕藏智华   |     སྤེལ་དུས།  2022-03-31

    ཚེས་29ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་དགུ་པ་ལྷ་སར་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བསྟན་ཁོ་དང་། བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན། ཉི་མ་ཚེ་རིང་། ཅི་གོ་ཀང་། མཱ་ཧྲེང་ཁྲང་། ཐང་མིང་དབྱིང་བཅས་དང་དྲུང་ཆེ་ལིའུ་ཀོང་ཤུས་ཚོགས་འདུར་ཞུགས་པ་རེད།

    ད་ཐེངས་ཀྱི་ཚོགས་འདུའི་གྲོས་རིམ་ལ་གྲོས་འཆམ་བྱུང་རྗེས་ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་གཙོ་བོ་དང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་གསུམ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཚོགས་འདུའི་ཐོག་མི་དོན་བསྐོ་འཐེན་དོན་ཚན་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་གསལ་བཤད་གསན་པ་དང་། 《བོད་རང་སྐྱོང་ལྗོངས་ཀྱི་དུས་བདེ་འཛུགས་སྐྱོང་སྲོལ་ཡིག(འཆར་ཟིན)》དང《བོད་རང་སྐྱོང་ལྗོངས་སྤྱི་བདེ་ལས་ཁུངས་ཀྱི་ཉེན་དོན་གཞོགས་འདེགས་མི་སྣའི་དོ་དམ་སྲོལ་ཡིག(འཆར་ཟིན)》བཟོ་བཅོས་བྱས་ཚུལ་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་སྙན་སེང་གསན་པ། 《གཞིས་རྩེ་གྲོང་ཁྱེར་གྱི་ཤེས་དཔལ་བྱ་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》སྐོར་གྱི་གཞིས་རྩེ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གསལ་བཤད་དང་། 《ནག་ཆུ་གྲོང་ཁྱེར་གྱིས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོ་བའི་སྲོལ་ཡིག》སྐོར་གྱི་ནག་ཆུ་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གསལ་བཤད། 《ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་རྣམ་དང་ཁོར་ཡུག་འཕྲོད་བསྟེན་དོ་དམ་སྲོལ་ཡིག》བཟོ་བཅོས་བརྒྱབ་ཚུལ་སྐོར་གྱི་ཉིང་ཁྲི་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གསལ་བཤད་བཅས་གསན་པ་རེད། 《གཞིས་རྩེ་གྲོང་ཁྱེར་གྱི་ཤེས་དཔལ་བྱ་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》དང་། 《ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་རྣམ་དང་ཁོར་ཡུག་འཕྲོད་བསྟེན་དོ་དམ་སྲོལ་ཡིག》 《ནག་ཆུ་གྲོང་ཁྱེར་གྱིས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོ་བའི་སྲོལ་ཡིག》བཅས་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་སྙན་སེང་གསན་ནས་གོང་གསལ་གྱི་སྲོལ་ཡིག་གསུམ་གྱི་ནང་དོན་རྩ་ཁྲིམས་དང་། བཅའ་ཁྲིམས། སྲིད་འཛིན་ཁྲིམས་སྲོལ། རང་སྐྱོང་ལྗོངས་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཅས་དང་ཕན་ཚུན་འགལ་མེད་པའི་ངོས་འཛིན་བྱས་ནས། ད་ཐེངས་ཀྱི་ཚོགས་འདུའི་ཐོག་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱེད་རྒྱུའི་གྲོས་འགོ་བཏོན་པ་རེད།

    ཚོགས་འདུའི་ཐོག《རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་གཞུང་ཁོངས་རྒྱུ་ནོར་དོ་དམ་བྱེད་ཚུལ་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས(འཆར་ཟིན)》སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གསལ་བཤད་དང་། 《ལོ་ལྔ་ཚན་བརྒྱད་པའི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད(འཆར་ཟིན)》སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནང་སྲིད་ཁྲིམས་འཛིན་ལས་དོན་ཨུ་ཡོན་ལྷན་ཁང་གི་གསལ་བཤད་གསན་པ་རེད།

    ཚོགས་འདུའི་ཐོག་རང་ལྗོངས་ཀྱི“ལོ་ལྔ་ཚན་བདུན་པའི”ཁྲིམས་ལུགས་ཁྱབ་གདལ་ལས་དོན་སྤེལ་ཚུལ་དང་2021ལོའི་ལྗོངས་ཡོངས་ཀྱི་ཁོར་ཡུག་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོང་གི་དམིགས་ཚད་ལེགས་སྒྲུབ་བྱས་ཚུལ་སྐོར་གྱི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སྙན་སྒྲོན་གསན་པ་རེད།

    ཚོགས་འདུའི་ཐོག་ད་དུང་འཐུས་མི་ཁག་གཅིག་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་སེང་གསན་པ་རེད།

    ཚོགས་འདུའི་གྲོས་རིམ་གྱི་བཀོད་སྒྲིག་གཞིར་བཟུང་ཚེས་30ཉིན་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་ཞིབ་བྱེད་རྒྱུ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།