དབུ་ཤོག>སྲིད་དོན།
  • རེན་ཝེ་ལྗོངས་ཡོངས་ཀྱི་མེ་ཟོན་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-30

    ཉེ་ཆར། ལྗོངས་ཡོངས་ཀྱི་མེ་ཟོན་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་2021ལོའི་མེ་ཟོན་ལས་དོན་གྱི་གྲུབ་འབྲས་ལ་ཕྱོགས་སྡོམ་དང་། མིག་སྔའི་མེ་ཟོན་བདེ་འཇགས་ཀྱི་དུས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག 2022ལོའི་མེ་ཟོན་གྱི་གཙོ་གནད་ལས་དོན་བཀོད་སྒྲིག་བཅས་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

    རེན་ཝེ་ཡིས་གསུངས་དོན། ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རིམ་པ་ཁག་དང་སྡེ་ཚན་ཁག་གིས་བདེ་འཇགས་ཐོན་སྐྱེད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མེ་ཟོན་བདེ་འཇགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། མི་དམངས་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱེད་པ། མེ་ཟོན་བདེ་འཇགས་ཀྱི་ཆེད་དོན་བཅོས་སྒྲིག་གི་ལོ་གསུམ་བྱ་སྤྱོད་སྤེལ་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ། མི་མང་ས་དང་། འབར་གས་སླ་བའི་ས་ཆ། གཙོ་གནད་ལས་གྲྭ་འཛུགས་སྐྲུན་བྱ་ཡུལ་སོགས་ཁྱབ་ཁོངས་ཀྱི་མེ་ཟོན་བདེ་འཇགས་ཀྱི་ཞིབ་བཤེར་ལས་དོན་ཏན་ཏིག་སྤེལ་བ། བདེ་འཇགས་ཀྱི་ཉེན་ཁ་སྣ་ཚོགས་ནུས་ཤུགས་ཡོད་རྒུས་སེལ་བ། ལྗོངས་ཡོངས་སུ་ལོ་19བསྟུད་མར་མེ་སྐྱོན་ལས་འཛོལ་ཚབས་ཆེན་དང་དེ་ཡན་གྱི་མེ་སྐྱོན་ལས་འཛོལ་མ་ཐོན་པ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

    རེན་ཝེ་ཡིས་ནན་བཤད་གནང་དོན། མིག་སྔར་རང་ལྗོངས་ཀྱི་མེ་ཟོན་ལས་དོན་གྱི་འགན་འཁྲི་དང་ལས་འགན་ལྕི་པོ་ཡོད། ས་གནས་ཁག་དང་སྡེ་ཚན་ཁག་གིས་དུས་རབས་གསར་པའི་མེ་ཟོན་ལས་དོན་ལ་འཕྲད་པའི་རྙོག་འཛིང་ཆེ་བའི་དུས་བབ་སྟངས་འཛིན་ཡང་དག་བྱས་ཏེ། སྔོན་འགོག་གཙོ་བོར་བྱེད་པ་དང་སྔོན་འགོག་དང་མེ་གསོད་མི་སྐྱོབ་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་མེ་ཟོན་དོ་དམ་གྱི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་དགོས། སྤྱི་འདོམས་མཐུན་སྦྱོར་བྱས་ནས་རིམ་ཁག་སྲིད་གཞུང་གི་གཏོགས་ཁོངས་འགན་འཁྲི་ནན་དུ་གཏོང་བ་དང་སྡེ་ཚན་ཁག་དང་ལས་རིགས་ཁག་གི་ལྟ་སྐུལ་དོ་དམ་འགན་འཁྲི་དང་ཚན་པ་ཁག་གི་བྱེད་པོའི་འགན་འཁྲི་ནན་དུ་བཏང་ནས་མེ་ཟོན་བདེ་འཇགས་དོ་དམ་ཚོད་འཛིན་གྱི་རྒྱུན་རྣམ་ཅན་གྱི་ཕུགས་ཕན་ལམ་སྲོལ་ཏན་ཏིག་ཆགས་པར་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་མེ་ཟོན་བདེ་འཇགས་ལ་གྲལ་བཤེར་ཆེན་པོ་བྱེད་པ་དང་། བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་དང་། འབྱུང་རྩ་ནས་བཅོས་སྐྱོང་། གནད་སྨིན་བཅོས་སྐྱོང་བཅས་མཐའ་འཁྱོངས་ཀྱིས་མེ་ཟོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་དོགས་ཟོན་དང་མེད་པར་བཟོ་དགོས། མེ་ཟོན་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། དམངས་ཡོངས་ཀྱི་མེ་ཟོན་འདུ་ཤེས་ཟབ་ཏུ་གཏོང་བ། གནོད་འཚེའི་དོན་རྐྱེན་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་འཇལ་བ་དང་ཐག་གཅོད་བྱེད་པ། ཁྱོན་ཡོངས་ནས་མེ་སྐྱོན་སྔོན་འགོག་དང་ཚོད་འཛིན་གྱི་སྤྱི་ཡོངས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་བོད་ལྗོངས་སྐྲུན་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།