དབུ་ཤོག>སྲིད་དོན།
  • ལྷ་ས་གྲོང་ཁྱེར་གྱིས“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི”མཛད་སྒོ་འཚོགས་ཏེ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་63འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-30

    1869066_yis_1648569600000_s.jpg

    ཟླ་3ཚེས་28ཉིན་གྱི་སྔ་དྲོ། ལྷ་ས་གྲོང་ཁྱེར་གྱིས“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི”མཛད་སྒོ་འཚོགས་ཏེ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་63འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་པ། 

    འོད་སྟོང་འཕྲོ་བའི་ལོ་རྒྱུས་ལ་ཕྱིར་དྲན་བྱེད། རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་འབད་འབུངས་བྱེད། ཚེས་28ཉིན་གྱི་སྔ་དྲོ། ལྷ་ས་གྲོང་ཁྱེར་གྱིས“རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་ལེན་པའི”མཛད་སྒོ་འཚོགས་ཏེ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་63འཁོར་བར་དྲན་གསོ་གཟབ་རྒྱས་ཞུས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་དང་། ལིའུ་ཅང་། ཝང་ཝུའེ་ཏུང་། དབང་ཧའེ་ཀྲོའུ། ལའེ་ཅའོ། རེན་ཝེ། ཀརྨ་ཚེ་བརྟན། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་བཅས་ཚོགས་འདུར་ཞུགས་པ་རེད།

    དཔྱིད་ཟླ་གསུམ་པའི་ས་མཐོར་དཔྱིད་རླུང་དལ་བུར་ལྡང་། ཚེས་28ཉིན་གྱི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་གྱི་རྣམ་པ་གསར་རྐྱང་དུ་གྱུར་ཞིང་། མེ་ཏོག་གིས་བཟོས་པའི“‘3·28’བོད་ཀྱི་ཡར་ལངས་ཞིང་བྲན་གྱི་དུས་ཆེན”ཞེས་པའི་ཡིག་འབྲུ་དག་བཀྲག་མདངས་འཚེར་ཞིང་ཧ་ཅང་བཀྲ་ཤིས་པའི་རྣམ་པ་ཞིག་མངོན། མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་1000ལྷག་ཙམ་གྱིས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་གཟི་བརྗིད་ལྡན་པའི་དུས་བཟང་དེ་འཆར་རྒྱུའི་རེ་སྒུག་བྱེད་བཞིན་མཆིས།

    སྔ་དྲོའི་ཆུ་ཚོད་10པ་ཏག་ཏག་ལ་རྒྱལ་དར་སྒྲེང་བའི་མཛད་སྒོ་དངོས་སུ་འགོ་ཚུགས་པ་རེད། རྔམ་བརྗིད་ལྡན་པའི《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》དང་བསྟུན་ནས་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་དལ་བུར་བསྒྲེངས་བ་དང་ཚོགས་ར་ཡོངས་ནས་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་ཏེ་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་63འཁོར་བར་དྲན་གསོ་ཞུས་པ་རེད། 

    རྒྱལ་དར་སྒྲེང་བའི་མཛད་སྒོ་མཇུག་འགྲིལ་རྗེས། ཝང་ཅུན་ཀྲེང་གིས་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་དང་བྱམས་བརྩེའི་ངང་ཕྱག་བཏང་སྟེ་བཀྲ་ཤིས་པའི་དུས་ཆེན་ལ་མཉམ་དུ་རྟེན་འབྲེལ་ཞུས་པ་རེད། ལོ་63རིང་། ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་གནམ་འཐབ་ས་འཛིང་དང་གནམ་སྒྱུར་ས་བརྗེས་ཀྱིས་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་རེ་རེ་བཞིན་བཏོད་ཅིང་། ནམ་ཡང་ཉམས་པ་མེད་པའི་མཛད་རྗེས་རྡོ་རིང་རེ་རེ་བཞིན་བསྐྲུན་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ཀྱི་ལས་དོན་ལ་ཁ་སྒྱུར་ཕྱོགས་སྟོན་དང་ཐབས་འགོད་ཇུས་འདོན་གནང་བ་དང་། སྐུ་ངོ་མས་བོད་དུ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བ། སྐུ་ངོ་མས“མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད”ཅེས་པའི་ཕྱག་བྲིས་ཕྱག་བསྟར་མ་མཛད་པ། དགོས་མཁོར་གཞིགས་ནས་བྱ་སྤྱོད་ཀྱི་རྩ་འཛིན་བཟོས་གནང་བ། འཐབ་ཇུས་ལ་བརྟེན་ནས་བརྗིད་ཆེའི་འཆར་གཞི་བཀོད་པ་བཅས་གནང་སྟེ་བོད་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་འཐོབ་པར་སྐུལ་འདེད་བཏང་ཡོད།

    མངགས་བཅོལ་བློ་ལ་བཅངས་ནས་འགན་འཁྲི་ཁུར། རླུང་བརྟེན་རླབས་གཤག་བྱས་ནས་ལེའུ་གསར་བརྩམས། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པར་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་གཏིང་ཟབ་བྱས་ཏེ། “དོན་ཆེན་བཞིར”དམིགས་པ་དང་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྔོན་སྐྱོད་ཁུལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས། རྒྱལ་ཁབ་ཀྱི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་དཔེ་སྐྱོད་ཁུལ”བཅས་འཛུགས་གཏོད་བྱེད་པའི་འབད་འཐབ་དམིགས་ཚད་བཏོན་པ་དང་། དུས་རབས་གསར་པའི་བོད་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཀོད་པས། འཛམ་གླིང་ཡང་རྩེར་མཛེས་སྡུག་བརྗིད་ཉམས་ལྡན་ཞིང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་གསར་པ་མངོན་པ་དང་། མི་རིགས་ཁག་གི་མི་དམངས་རྣམས་བློ་སྟོབས་ཆེར་བསྐྱེད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་འོད་ཟེར་སྟོང་ལྡན་གྱི་ལམ་ཆེན་དུ་བསྐྱོད་ཡོད།

    རྒྱལ་དར་སྒྲེང་བའི་མཛད་སྒོར་ཞུགས་མཁན་ལས་བྱེད་པ་དང་མང་ཚོགས་ཚོས། ལོ་63རིང་གི་ལོ་རྒྱུས་ལམ་བུར་ཕྱིར་དྲན་བྱེད་སྐབས། བོད་མི་དམངས་ཀྱི་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་པ་དང་བདེ་སྐྱིད་ལྡན་པའི་འགྲོ་ལམ་དུ་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་སུ་ཕྱིན་ནས། དར་དམར་འོག་འཚར་ལོངས་བྱུང་བའི་བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ལ་སྤོབས་སེམས་ཚད་མེད་སྐྱེས་བྱུང་ཞེས་བཤད་པ་དང་། ཚང་མས་ངེས་པར་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་ཀྱིས་འགན་འཁྲི་འཁུར་ཕོད་པ་དང་། བྱས་རྗེས་འཇོག་ཕོད་པ། དངོས་འཛིན་དངོས་སྒྲུབ་བཅས་བྱས་ཏེ“དོན་ཆེན་བཞི”དང“འགན་ལེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”ཤུགས་སྣོན་བརྒྱབ་ནས་གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་གྱི་ཡིན་ཞེས་བཤད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།