རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་གྱིས་ལྷ་སར་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་པའི་ཐད་བརྟག་ཞིབ་གནང་བ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།
ནོར་བུ་གླིང་ཁའི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་ཀྲོང་ཡན་གྱིས་ཉེན་རྟོག་ཞབས་ཞུའི་ས་ཚིགས་འཁོར་སྐྱོད་དང་། སྡོད་བྱ་ལས་གྲབས། ཆ་འཕྲིན་ཅན་འཛུགས་སྐྱོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ནན་ཏན་གནང་ཞིང་། ཁོང་གིས། དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ནི་རང་སྐྱོང་ལྗོངས་ཀྱིས་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པས། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་སྤྱི་ཚོགས་ཞི་མཐུན་ལ་སྐུལ་འདེད་གཏོང་བའི་ཁྲོད་རྨང་གཞིའི་རང་བཞིན་གྱི་ནུས་པ་གལ་ཆེན་ཐོན་བཞིན་ཡོད། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། གཞི་རིམ་གྱི་དྲ་མིག་ཅན་གྱི་དོ་དམ་བྱ་ཐབས་གཏིང་ཟབ་ཏུ་གཏོང་བ། འགལ་བ་དང་རྩོད་གཞི་འབྱུང་རྩ་ནས་སེལ་བ་བཅས་བྱས་ཏེ་ཐུན་མོང་ཐོག་སྡེ་ཁུལ་གྱི་དུས་བདེ་སྲུང་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།
གནམ་ཐང་མྱུར་བགྲོད་གཞུང་ལམ་གྱི་སྣེའུ་སྤྱི་བདེའི་ཕྱོགས་བསྡུས་ཞིབ་བཤེར་ས་ཚིགས་སུ་ལས་སྒྲུབ་མི་དམངས་ཉེན་རྟོག་པས་སྤྲོ་སེམས་འཁོལ་པོས་ཞབས་འདེགས་ཞུ་བ་དང་ས་གནས་ས་ཐོག་གི་འགྲོ་འོང་མི་སྣ་དང་འཁོར་རིགས་སྒྲིག་ལམ་དང་གོ་རིམ་ལྡན་པ་ཞིག་ཡོད། ཀྲོང་ཡན་གྱིས་བདེ་འཇགས་ཞིབ་བཤེར་དང་འགྲོ་ལམ་ཤར་བགྲོད་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་ཞིང་། ཁོང་གིས་ཚང་མར། ངལ་དུབ་ལ་མི་འཛེམས་པ་དང་རྒྱུན་མཐུད་དམག་འཐབ་ཀྱི་སྤྱོད་ཚུལ་བཟང་པོ་དར་སྤེལ་བཏང་ནས་ནན་ཏན་དང་། བདེ་འཇགས། སེམས་རྩ་འཁོལ་བ། དམངས་ཕན་བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་མི་རིགས་ཁག་གི་མང་ཚོགས་བདེ་འཇགས་དང་བདེ་བླག་ངང་འགྲོ་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད།
བརྟག་ཞིབ་གནང་རིང་། ཀྲོང་ཡན་གྱིས་གཞི་རིམ་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ལས་ཀའི་སྒྲིག་སྲོལ་དང་འཁོར་སྐྱོད་ལམ་སྲོལ་སྔར་བས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ཕྱོགས་ཁག་གི་སྟོབས་ཤུགས་བསྡུ་སྒྲིལ་ནུས་ལྡན་བྱེད་པ། མངོན་གསལ་དོད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་སེལ་བ། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་སྤྱི་ཚོགས་ཅན་དང་། ཁྲིམས་སྐྱོང་ཅན། རིག་ནུས་ཅན། ཆེད་ལས་ཅན་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱེད་དགོས། ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་མཐའ་འཁྱོངས་བྱེད་པ་དང་། བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ཐམས་ཅད་ལས་ལྷག་པའི་འགན་འཁྲི་གལ་ཆེན་ལ་བརྩི་བ། “འཕྱུགས་པ་གཏན་ནས་མེད་པའི”ཚད་གཞིའི་ཐོག་ནས་ཁོངས་གཏོགས་ས་ཆའི་འགན་འཁྲི་ནན་དུ་གཏོང་བ་བཅས་བྱས་ཏེ་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་གཏོང་དགོས། གནད་སྨིན་དང་ཚན་རིག་དང་མཐུན་པ་དང་དངོས་གཉེར་གོ་ཆོད་མཐའ་འཁྱོངས་བྱས་ནས་ཉེན་རྟོག་པ་གཞི་རིམ་དུ་བསྐྱོད་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ་དང་། སྡེ་ཁུལ་གྱི་ཉེན་དོན་དང་དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ་གྱི་མཉམ་འགུལ་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ། སྡེ་ཁུལ་གྱི་ཉེན་དོན་དང་སྡེ་ཁུལ་བཅོས་སྐྱོང་ཚད་མཐོའི་མཉམ་འདྲེས་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྟོབས་ཤུགས་གཞི་རིམ་དུ་བསྡུ་སྒྲིལ་དང་གནད་དོན་གཞི་རིམ་དུ་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། དམངས་ལ་བཅངས་པའི་བརྩེ་སེམས་ཟབ་ཏུ་གཏོང་བ་དང་། མང་ཚོགས་ཀྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་གང་ཐུབ་བྱེད་པ། ལས་བྱེད་ཉེན་རྟོག་པའི་དཀའ་སྤྱད་ལ་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་ལ་དུས་བདེ་ཡོང་ཐབས་བྱེད་པ། ལས་བྱེད་ཉེན་རྟོག་པའི་འཛུམ་མདངས་ལ་བརྟེན་ནས་མི་རིགས་ཁག་གི་མང་ཚོགས་བློ་ཡིད་ཚིམ་པོ་ཡོང་བ་བཅས་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས“མི་དམངས་སྤྱི་བདེས་མི་དམངས་ལ་ཞབས་འདེགས་ཞུ་བའི”སྒམ་བརླིང་ལྡན་པའི་དམ་བཅའ་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་ལུགས་བཅས་ཀྱི་ནན་བཤད་གནང་བ་རེད།