དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-26

    ◆ སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཟུར་བལྟས་ལེབ་མཐོང་གིས་བྱ་ཐབས་ནུས་ལྡན་སྤྱད་དེ་བདེ་འཇགས་ཐོན་སྐྱེད་ལས་དོན་ཡག་པོ་སྒྲུབ་པ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱེད་དགོས།

    ཚེས་24ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་དང་། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི《བསྡོམས་རྩིས་དང་ལྟ་སྐུལ་འགན་ནུས་ཀྱི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱ་རྒྱུའི་སྐོར་གྱི་བསམ་འཆར》གྱི་དགོངས་དོན། 2022ལོའི་རྒྱལ་ཡོངས་སྐོར་གཟིགས་ལས་དོན་ཚོགས་འདུ་དང་སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་དགུ་པའི་སྐོར་གཟིགས་སྐུལ་སློང་གི་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་བཅས་བརྒྱུད་བསྒྲགས་སློབ་སྦྱོང་དང་འབྲེལ་རང་ལྗོངས་ཀྱི་ལག་བསྟར་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག་ཀྱང་གནང་བ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། ཤར་ཕྱོགས་མཁའ་འགྲུལ་གྱི་འགྲུལ་སྐྱེལ་གནམ་གྲུ་ལྷུངས་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལི་ཁེ་ཆང་གིས་འཕྲལ་མར་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་སྟེ་ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་དང་རྗེས་འཇུག་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། དམངས་སྤྱོད་མཁའ་འགྲུལ་གྱི་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་མཁའ་འགྲུལ་འཁོར་སྐྱོད་རྦད་དེ་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཟུར་བལྟས་ལེབ་མཐོང་གིས་ལམ་སེང་རང་ལྗོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་སླར་ཡང་བཀོད་སྒྲིག་བྱས་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་མི་དམངས་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ཐོན་སྐྱེད་ཐད་རིག་པ་ལྕགས་སྐུད་བཞིན་སྒྲིམ་པ། བྱ་ཐབས་ནུས་ལྡན་སྤྱད་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ“མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་ཨང་དང་པོར་འཇོག་རྒྱུ་འགན་ལེན་བྱེད་དགོས་པའི”བླང་བྱ་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་དགོས།

    བདེ་འཇགས་ཐོན་སྐྱེད་ལས་དོན་གྱི་ཧ་ཅང་གལ་འགངས་ཆེ་བའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ལས་དོན་གྱི་འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ཏེ་བདེ་འཇགས་ལས་དོན་ཐོག་མཐའ་བར་གསུམ་དུ་གནས་བབ་གལ་ཆེ་སར་བཞག་ནས་བདེ་འཇགས་དང་འཕེལ་རྒྱས་ཀྱི་འདུ་ཤེས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཁྱབ་ཁོངས་ཁག་ནང་ཁྱབ་པ་དང་བདེ་འཇགས་ཐོན་སྐྱེད་ལས་དོན་གྱི་ཕན་འབྲས་དངོས་ལ་དམ་འཛིན་བྱས་ནས“སྲུང་སྐྱོང་གཉིས”ལག་ལེན་བསྟར་དགོས། ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་བྱས་ཏེ་དམར་ཐིག་གི་འདུ་ཤེས་དང་མཐའ་ཚད་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ནས་སྣང་མེད་ཀྱི་བསམ་བློ་དང་། སྟབས་ལེགས་ཀྱི་སེམས་ཁམས། ལྷོད་གཡེང་གི་བསམ་ཚུལ་བཅས་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་བརྟན་པོ་སྲུང་བ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱེད་དགོས།

    འགན་འཁྲི་འཁུར་སེམས་ཆེ་རུ་བཏང་སྟེ་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས། ཏང་སྲིད་འགོ་ཁྲིད་ཀྱི་འགན་འཁྲི་དང་། སྡེ་ཚན་གྱི་ལྟ་འདོམས་འགན་འཁྲི། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་བཅས་ནན་དུ་བཏང་སྟེ“ལས་རིགས་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་ལ་དོ་དམ་དང་། ལས་སྒོར་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་ལ་དོ་དམ། ཐོན་སྐྱེད་ལ་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་ལ་དོ་དམ”བཅས་ཀྱི་བླང་བྱ་གཞིར་བཟུང་བདེ་འཇགས་ཐོན་སྐྱེད་དུས་དང་རྣམ་པ་ཀུན་ཏུ་སེམས་ནང་འཇོག་པ་དང་། དམ་འཛིན་ནན་པོ་བྱེད་པ། བྱ་སྤྱོད་ལ་འཁྱོལ་བ་བཅས་བྱས་ཏེ་བདེ་འཇགས་ཀྱི་འགན་འཁྲི་གནད་ལ་འཁེལ་བ་དང་། བདེ་འཇགས་ལ་བཏང་བའི་མ་དངུལ་གནད་ལ་འཁེལ་བ། བདེ་འཇགས་གསོ་སྦྱོང་གནད་ལ་འཁེལ་བ། བདེ་འཇགས་དོ་དམ་གནད་ལ་འཁེལ་བ། འཕྲལ་སྡོམ་རོགས་སྐྱོབ་གནད་ལ་འཁེལ་བ་བཅས་ཏན་ཏིག་ཐུབ་ནས། བདེ་འཇགས་ཐོན་སྐྱེད་ལས་དོན་ཐད་རང་འགན་གཙང་སྒྲུབ་དང་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས།

    གནད་དོན་ཕྱོགས་སྟོན་དུ་མཐའ་འཁྱོངས་བཟུང་སྟེ་བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཁ་འགོག་སེལ་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་ལས་ཀའི་གཙོ་གནད་ནི་དུས་རྒྱུན་ནས་དམ་འཛིན་བྱེད་པ་དེ་ཡིན་པ་དང་འགག་རྩ་ནི་ལས་ཀའི་ཞིབ་ཆར་ཐུག་ཡོད་པས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་འགག་སྒོ་མདུན་དུ་མཐའ་འཁྱོངས་སྤོ་བ་དང་། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དག་ཐེར་ལ་སྔར་བས་ཤུགས་སྣོན་རྒྱག་པ། བདེ་འཇགས་ལྟ་འདོམས་ཀྱི་ཆ་འཕྲིན་ཅན་འཛུགས་སྐྱོང་མངོན་གསལ་དོད་པོ་ཡོང་བར་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། དོན་རྐྱེན་མ་ཐོན་གོང་ནས་འགོག་ཟོན་དང་མངོན་མེད་རྐྱེན་ངན་ཐོན་བཟོ་ཡོད་དུས་ནས་སེལ་དགོས། དམངས་སྤྱོད་མཁའ་འགྲུལ་སོགས་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་སྒྲིག་སྲོལ་ལམ་ལུགས་ཁག་ལག་བསྟར་དོན་འཁྱོལ་ནན་པོ། ལམ་ལུགས་དོན་འཁྱོལ་གནད་ལ་འཁེལ་བ་དང་། རྨང་གཞི་བརྟན་གཏོང་གནད་ལ་འཁེལ་བ། ཞིབ་ཆ་དོ་དམ་ཚོད་འཛིན་གནད་ལ་འཁེལ་བ་བཅས་བྱས་ཏེ། སྟོང་ཆ་མི་ལུས་པ་དང་མངོན་མེད་རྐྱེན་ངན་བསལ་ནས་བདེ་འཇགས་ཐོན་སྐྱེད་ཀྱི་དམར་ཐིག་མཐའ་གཅིག་ཏུ་བརྟན་སྲུང་བྱེད་དགོས།

    ལྟ་འདོམས་ཁྲིམས་འཛིན་ནན་པོ་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་དོ་དམ་ཆུ་ཚད་མཐོ་རུ་གཏོང་དགོས། ལྟ་འདོམས་ཀྱི་ཁྲིམས་འཛིན་ལམ་སྲོལ་གསར་གཏོད་དང་། ལྟ་སྐུལ་དོ་དམ་དང་ཁྲིམས་འཛིན་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། ལྟ་སྐུལ་དོ་དམ་ཆད་གཅོད་དང་ལྟ་སྐུལ་ཞིབ་བཤེར་གྱི་འགན་འདེད་ནན་དུ་གཏོང་བ་བཅས་བྱས་ནས་གཙོ་གནད་ཁེ་ལས་དང་། གཙོ་གནད་ཁྱབ་ཁོངས། ཉེན་ཁ་གལ་ཆེན་བཅས་ལ་ཁྱོན་ཡོངས་ནས་ལྟ་སྐུལ་ཐུབ་པའི་འགན་ལེན་བྱེད་དགོས། “དབྱེར་མེད་བཞི”དང“ཁག་གཅིག་ལྔ”ཡི་བྱ་ཐབས་ཁྲིམས་ལྟར་ལག་བསྟར་ནན་པོ་བྱས་ཏེ་སྒྲིག་འགལ་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་བ་དང་། བྱ་ཐབས་དངོས་སྤྱོད་པ། ཐར་པར་གཏན་ནས་མི་གཏོང་བ་བཅས་བྱས་ནས“གཅིག་ལ་ཆད་པ་བཅད་ནས་ཡུག་གཅིག་ལ་དྲན་སྐུལ་བྱེད་པ་དང་ཕྱོགས་གཅིག་ལ་སློབ་གསོ་ཐེབས་པའི”ཟིལ་གནོན་གྱི་ཕན་འབྲས་དངོས་འབྲེལ་ཐོན་པར་བྱེད་དགོས།

    འཕྲལ་སྡོམ་ཐག་གཅོད་བྱེད་ཤུགས་ཆེ་རུ་བཏང་སྟེ་འཕྲལ་སྡོམ་དོ་དམ་དང་རོགས་སྐྱོབ་ཀྱི་གྲ་སྒྲིག་ཡག་པོ་བྱེད་དགོས། རང་ལྗོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་དུས་ཚིགས་རང་བཞིན་གྱི་ཁྱད་ཆོས་ལ་གཞིགས་ནས་རི་ཉིལ་བ་དང་། འདམ་རྡོའི་ཆུ་རུད། གངས་རྡིབ་སོགས་ཀྱི་རང་བྱུང་གནོད་འཚེ་དང་། འགྲོ་ལམ་འགྲིམ་འགྲུལ་སྐྱེལ་འདྲེན། ནགས་ཚལ་གྱི་མེ་སྐྱོན་སོགས་ཐོལ་བྱུང་དོན་རྐྱེན་འཕྲལ་སྡོམ་ཐག་གཅོད་ཀྱི་ལས་དོན་རང་འགུལ་ངང་ཧུར་ཐག་སྒྲུབ་པ་དང་། སྔོན་ཇུས་ཡག་པོ་འདིང་བ་དང་རང་འགུལ་དམག་འཐབ་ཡག་པོ་བརྒྱབ་ནས་ཐོལ་བྱུང་དོན་རྐྱེན་འཕྲལ་སྡོམ་ཐག་གཅོད་བྱེད་ནུས་ཆེ་རུ་ཏན་ཏིག་གཏོང་དགོས། འཕྲལ་སྡོམ་རོགས་སྐྱོབ་ཀྱི་སྔོན་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་། འཕྲལ་སྡོམ་མཉམ་སྒུལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། འཕྲལ་སྡོམ་རོགས་སྐྱོབ་ཀྱི་ནང་སྦྱོང་དང་འཕྲལ་སྡོམ་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་འགག་རྩའི་དུས་སུ་དོན་ཐུབ་པ་དང་། སྤྱོད་ཐུབ་པ། གནོན་ཐུབ་པ་དང་། རྩ་འཛུགས་ཀྱི་བཀོད་འདོམས“བསམ་ཇུས་གཅིག”དང་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ“གཞི་གཅིག་ཅན”གྱི་ལས་ཀའི་རྣམ་པ་ཆགས་པར་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་མའི་འགོག་རགས་མཐའ་གཅིག་ཏུ་བརྟན་དུ་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྐོར་གཟིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཡག་པོ་དང་། གོ་བ་ཡག་པོ་ལེན་པ། དོན་འཁྱོལ་ཡག་པོ་བཅས་བྱས་ཏེ་རྒྱལ་ཡོངས་ཀྱི་སྐོར་གཟིགས་ལས་དོན་ཚོགས་འདུ་དང་སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་དགུ་པའི་སྐོར་གཟིགས་སྐུལ་སློང་གི་བཀོད་སྒྲིག་ཚོགས་འདུའི་བླང་བྱ་ལྟར་དམ་ནན་གྱི་རྩ་བའི་དགོངས་གཞིར་འགྱུར་བ་མི་གཏོང་བ་མཐའ་འཁྱོངས་བྱས་ཏེ་ས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་དགོས། སྐོར་གཟིགས་ཀྱི་བླང་བྱ་གནད་སྨིན་དོན་འཁྱོལ་བྱས་ཏེ་སྐོར་གཟིགས་ལྟ་སྐུལ་གྱི་སྤུ་གྲིའི་ནུས་པ་དང་མངགས་གཏོང་བཅའ་སྡོད་ཀྱི་ལྟ་སྐུལ་ལྡིར་བཟོའི་ནུས་པ་གང་ལེགས་བཏོན་ནས་ལྗོངས་ཡོངས་ཀྱི་སྐོར་གཟིགས་ལས་དོན་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་གཏོང་དགོས། འགན་འཁྲིའི“གནད་འགག”འདི་དམ་པོར་བཟུང་ནས་སྐོར་གཟིགས་དག་ཐེར་ལ་དམ་འཛིན་བྱེད་པ་གནད་དོན་ཐག་གཅོད་བྱེད་པའི་འགག་རྩའི་ལྷུ་ཚིགས་ལ་མཐའ་འཁྱོངས་བརྩིས་ནས། ཀྲུང་དབྱང་གི་སྐོར་གཟིགས་ཚུར་ལན་གནད་དོན་དག་ཐེར་ལས་དོན་རྒྱུན་མཐུད་དམ་འཛིན་ཡག་པོ་བྱེད་དགོས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་སྟེ་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་སྔར་བས་གཏོད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བསྡོམས་རྩིས་ལས་དོན་ལ་གནང་བའི་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གཅིག་གྱུར་ཞིབ་རྩིས་སྒྱུར་བཅོས་མུ་མཐུད་ཟབ་ཏུ་གཏོང་བ་དང་། བསྡོམས་རྩིས་དང་ལྟ་སྐུལ་གྱི་ལམ་ལུགས་དང་ལམ་སྲོལ་འཛུགས་སྐྱོང་མགྱོགས་སུ་གཏོང་བ། བསྡོམས་རྩིས་ཀྱི་གཞི་རིམ་རྨང་གཞིའི་ནུས་པ་ཆེ་རུ་གཏོང་བ། ཁྲིམས་ལྟར་བསྡོམས་རྩིས་དང་ཁྲིམས་ལྟར་བསྡོམས་རྩིས་བཅོས་སྐྱོང་དེ་བསྡོམས་རྩིས་ལས་ཀའི་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་བཅས་བྱས་ནས། རང་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བསྡོམས་རྩིས་ལྟ་སྐུལ་གྱི་འགན་སྲུང་ནུས་ལྡན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།