ཚེས་21ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་དང་སྙེ་མོ་རྫོང་དུ་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ“གཞི་རིམ་དུ་སྐྱོད་པ་དང་། ངོ་བཅར་སྣེ་ལེན་ཆེན་པོ་བྱེད་པ། བྱ་བ་དངོས་སྒྲུབ་པ”བཅས་ཀྱི་བྱེད་སྒོ་སྤེལ་བ་རེད།
འདམ་གཞུང་རྫོང་ཡངས་པ་ཅན་གྲོང་རྡལ་ལྟེ་བའི་སློབ་ཆུང་དུ་ཡན་ཅིན་ཧའེ་སློབ་ཁང་དུ་ཕེབས་པ་དང་། སློབ་མའི་ཉལ་ཁང་དང་ཟ་ཁང་ལ་གཟིགས་ཞིབ་གནང་བ། སློབ་གསོ་སློབ་ཁྲིད་དང་། སློབ་གྲྭའི་བརྟན་ལྷིང་སྲུང་སྐྱོང་། རིམས་འགོག དྲོད་རླངས་མཁོ་འདོན། སློབ་མའི་འཚོ་བཅུད་ལྟོ་ཆས། ཆུ་ཚ་པོ་མཁོ་འདོན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས་སློབ་མར་འགན་འཁུར་བ་དང་། ཁྱིམ་བདག་ལ་འགན་འཁུར་བ། སྤྱི་ཚོགས་ལ་ཚད་མཐོའི་འགན་འཁུར་བ་བཅས་ཀྱི་རྣམ་འགྱུར་ཐོག་ནས་བདེ་འཇགས་ཀྱི་བྱ་ཐབས་ཁག་དོན་འཁྱོལ་ཡག་པོ་བྱེད་པ་དང་། སློབ་གྲྭའི་དཀའ་ངལ་དངོས་ཐག་གཅོད་ཡག་པོ་བྱས་ཏེ། དགེ་སློབ་ཀྱི་གཟུགས་གཞི་བདེ་ཐང་དང་སློབ་གྲྭ་དུས་བདེ་བརྟན་ལྷིང་ཡོང་རྒྱུ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད། འདམ་གཞུང་རྫོང་རྒྱས་དར་ཤང་ཁྲེང་ཤིན་སྣུམ་སྣོན་ས་ཚིགས་སུ་ཡན་ཅིན་ཧའེ་ཡིས་ས་གནས་ས་ཐོག་གི་ལས་དོན་མི་སྣར་བདེ་འཇགས་ཐོན་སྐྱེད་ནི་དོན་ཆུང་མིན་པས། ཉེན་བརྡ་རྒྱུན་དུ་སྒྲོག་རྒྱུ་མཐའ་འཁྱོངས་དང་། རྒྱུན་དུ་དོགས་ཟོན། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་ནན་པོ་བཅས་བྱས་ནས། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས་ཞེས་བཀའ་མངགས་ཡང་ཡང་གནང་བ་རེད།
འདམ་གཞུང་རྫོང་ཡངས་པ་ཅན་གྲོང་རྡལ་བྱ་མ་གྲོང་ཚོ་དང་སྙེ་མོ་རྫོང་གཞུ་སྨད་ཤང་དུ་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་དང་བཞུགས་མོལ་གནང་སྐབས། ཡན་ཅིན་ཧའེ་ཡིས་གཞི་རིམ་ནས་གོང་ཞུ་བྱས་པའི་གནད་དོན་དང་རེ་འདུན་ཚང་མ་ནན་ཏན་གསན་ཞིང་། འབྲེལ་ཡོད་གནས་ཚུལ་བཀའ་འདྲི་དང་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ་ལྗོངས་དང་གྲོང་ཁྱེར་གྱི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་དང་ས་གནས་ས་ཐོག་ཏུ་གཞུང་དོན་སྒྲུབ་པ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་སོགས་ལ་དམིགས་ནས་བཏོན་པའི་གནད་དོན་རེ་རེ་བཞིན་ལ་ཞིབ་འཇུག་གནང་ནས་ཐག་གཅོད་བྱ་ཐབས་བཏོན་པས། ས་གནས་ས་ཐོག་ཏུ་དགའ་བསུ་ཡང་ཡང་ཞུས་པ་རེད།
ཡན་ཅིན་ཧའེ་ཡིས། ང་ཚོའི་ད་ཆའི་དར་རྒྱས་གོང་འཕེལ་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གྱི་རྩ་བ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་གཟིགས་སྐྱོང་དང་། རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར། དེ་བཞིན་ལྗོངས་ཡོངས་ཀྱི་གོང་འོག་ཚང་མའི་དཀའ་སྤྱད་འབད་འཐབ་བཅས་ལ་ཐུག་ཡོད། ང་ཚོས་ཐོག་མཐའ་བར་གསུམ་དུ་དྲིན་ཚོར་གྱི་བསམ་པ་བཅངས་ནས་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བཀོད་སྒྲིག་གཞིར་བཟུང་། དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ཤུགས་ཡོད་རྒུས་གཏོང་དགོས། གཅིག་ནས་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐབས་ཇུས་རང་བཞིན་གྱི་དོན་སྙིང་ལ་ཕྱོགས་ཡོངས་དང་གོ་རིམ་ལྡན་པའི་ངང་གོ་བ་གཏིང་ཟབ་བླངས་ནས“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། གཉིས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམ་འཛིན་ཡག་པོ་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་མཐའ་འཁྱོངས་འཇོག་པའི་སྔོན་འགྲོའི་ཆ་རྐྱེན་འོག ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་དགོས། གསུམ་ནས་གཞི་རིམ་གྱི་རྨང་གཞི་བརྟན་དུ་བཏང་སྟེ་ཁྱབ་ཁོངས་ཁག་གི་གཞི་རིམ་ཏང་འཛུགས་སྐྱོང་གི་ལས་དོན་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་དམག་འཐབ་མཁར་རྫོང་བརྟན་པོ་ཞིག་ཏུ་འཛུགས་སྐྱོང་བྱེད་དགོས། བཞི་ནས་དམངས་འཚོ་ལེགས་བཅོས་འགན་ལེན་བྱས་ཏེ། རྒྱུན་རྣམ་ཅན་གྱི་སྒོ་ནས“གཞི་རིམ་དུ་སྐྱོད་པ་དང་། དམངས་དོན་འདྲི་བ། བྱ་བ་དངོས་སྒྲུབ་པ”བཅས་ཀྱི་བྱེད་སྒོ་སྤེལ་བ་དང་། ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། གནད་དོན་ཐག་གཅོད་མཐར་ཕྱིན་བྱེད་པ། བྱ་སྤྱོད་དངོས་ལ་བརྟེན་ནས་སྲིད་གཞུང་ལ་སྤྱི་མོས་བྱེད་ཚད་དང་མང་ཚོགས་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་དགོས། ལྔ་ནས་ཤེས་དཔལ་གྱི་དར་སྲོལ་གསར་པ་དར་སྤེལ་གཏོང་བ་དང་། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གཉིས་ཀར་དམ་འཛིན་བྱེད་པ། རྒྱ་ཆེའི་མང་ཚོགས་ཀྱིས་གོམས་གཤིས་ངན་པ་དོར་ནས་འཚོ་བ་ཇེ་ལེགས་སུ་གཏོང་བར་སློབ་གསོ་ཁྲིད་སྟོན་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།