ཚེས་22ཉིན། ལྗོངས་ཡོངས་ཀྱི་2022ལོའི་གཙོ་གནད་རྣམ་གྲངས་ལས་དོན་སྐུལ་སྤེལ་དང་དུས་ཚིགས་དང་པོའི་རྣམ་གྲངས་གཅིག་སྡུད་ཐོག་ལས་འགོ་འཛུགས་པ་དང་ལས་འགོ་བསྐྱར་འཛུགས་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཚོགས་འདུར་ཞུགས་པ་དང་སྦྲགས་གསུང་བཤད་གནང་བ་རེད།
ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། རེན་ཝུའེ་དང་། ཤའོ་ཡིའུ་ཚའེ། ལྕགས་རྭ་བློ་བཟང་བསྟན་འཛིན། རྡོ་རྗེ་ཚེ་སྒྲུབ། འཇམ་དཔལ། ཝང་ཡུང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
ཡན་ཅིན་ཧའེ་ཡིས། འདི་ལོའི་ཟླ་དང་པོ་དང་གཉིས་པའི་ནང་། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ཐད་དངོས་སུ་མ་འཇོག་བྱས་ཚད་སྒོར་དུང་ཕྱུར་56.3ཟིན་ནས། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་19.1%འཕར་ཏེ་ལས་འགོ་ཡག་པོ་འཛུགས་ཐུབ་ཡོད་ཅེས་གསུངས་པ་དང་། ཁོང་གིས་རྣམ་གྲངས་འཛུགས་སྐྲུན་ནི་འཐེན་འདྲུད་དང་། རྨང་རྡོ། ལས་སྟེགས་བཅས་ལྟ་བུ་ཡིན། རྣམ་གྲངས་གསར་པ་དང་རྣམ་གྲངས་ཆེ་གྲས་དངོས་སུ་འཛུགས་སྐྲུན་བྱས་པ་དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་དམིགས་བསལ་ཐུགས་ཁུར་གནང་བ་དང་། རྒྱལ་ཡོངས་མི་དམངས་ཀྱིས་བོད་ལ་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེན་གནང་བ་མཚོན་གྱི་ཡོད་ལ། འདི་ནི་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཇི་མ་ཇི་བཞིན་དུ་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་ཞིག་ཡིན་ཞེས་བསྟན་པ་རེད།
ཡན་ཅིན་ཧའེ་ཡིས་བླང་བྱ་བཏོན་དོན། རྣམ་གྲངས་འཛུགས་སྐྲུན་གྱི་དོན་སྙིང་དང་ཕན་ནུས་ལ་གོ་བ་གཏིང་ཟབ་བླངས་ཏེ་ཡིད་ཆེས་དང་ཆོད་སེམས་ཆེ་རུ་བཏང་སྟེ་འཇུར་མིག་གི་ཚོད་འཛིན་སེལ་རྒྱུར་ནུས་ཤུགས་ཡོད་རྒུས་ཞིབ་འཇུག་བྱེད་དགོས། གཅིག་ནས་འཕེལ་རིམ་འགོར་བའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས། སླེབས་ལ་ཉེ་བའི་ཨར་ལས་དུས་ཚིགས་ཡག་ཤོས་དམ་འཛིན་བྱས་ཐོག་འཆར་གཞི་ལྡོག་རྩིས་དང་། འགན་འཁྲི་དབྱེ་ཕྲལ། རྩ་འཛུགས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། དངོས་ཡོད་ཀྱི་ལས་ཀ་དེ་བས་མང་བ་བསྒྲུབ་དགོས། གཉིས་ནས་མ་དངུལ་དཀོན་པའི་གནད་དོན་ནུས་ཤུགས་ཡོད་རྒུས་བསལ་ནས་མ་དངུལ་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཀྲུང་དབྱང་གི་མ་འཇོག་བརྩོན་ལེན་ཧུར་ཐག་དང་ཚོང་འགུག་མ་འདྲེན་གྱི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱེད་པའི་ཁར་སྲིད་གཞུང་དང་དངུལ་ཁང་དང་ཁེ་ལས་བཅས་དབར་གྱི་མཉམ་ལས་དང་ཁ་གཏད་སྦྲེལ་མཐུད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། གསུམ་ནས་གཙོ་རྒྱུའི་འདེགས་སྐྱོར་མི་འདང་བའི་གནད་དོན་ནུས་ཤུགས་ཡོད་རྒུས་སེལ་དགོས། ལག་ཡོད་ས་ཆ་བཀོལ་སྤྱོད་ཧུར་ཐག་བྱས་པའི་ཁར་མ་འཇོག་འགན་ལེན་བྱེད་ཤུགས་དང་འཛུགས་སྐྲུན་ཆ་རྐྱེན་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས། བཞི་ནས་ཞབས་ཞུ་ཡག་པོ་མེད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་སེལ་དགོས། “མིག་མངས་འགྲིག་སྐོར་གཅིག”གི་བསམ་བློ་བཙུགས་ཏེ་མ་འཇོག་རྣམ་གྲངས་ཀྱི་དྲ་ཐོག་མཆན་འགོད་ལྟ་འདོམས་ལས་སྟེགས་བེད་སྤྱོད་ཡག་པོ་དང་། མཆན་འགོད་ལྷུ་ཚིགས་ཁག་གི“དུས་བཀག་སྒྲུབ་གཉེར”ལམ་སྲོལ་དོན་འཁྱོལ་བྱས་ཏེ། “གཅིག་གཏད་གཅིག”གི་ཆེད་དོན་ཞབས་འདེགས་ཡག་པོ་ཞུ་དགོས། ལྔ་ནས་དུས་འགོའི་ལས་དོན་ཏན་ཏིག་སྒྲུབ་མེད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་བསལ་ནས་སྦྲེལ་མཐུད“དམ་པོ”དང་། གསོག་ཚད“འདང་ངེས”རིགས་སྒྲུབ་ཁུངས་སྐྱེལ“ཡང་དག”བཅས་ཡོང་བའི་འགན་ལེན་བྱེད་དགོས། དྲུག་ནས་ལས་དོན་དོན་འཁྱོལ་བྱེད་ཤུགས་ཆེན་པོ་མེད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་སེལ་དགོས། གལ་ཆེའི་དོན་ཚན་འགན་གཙང་འགན་ལེན་ལམ་སྲོལ་དོན་འཁྱོལ་ནན་པོ་བྱས་ཏེ་དུས་བཀག་ལྟར་གཙོ་གནད་རྣམ་གྲངས་སྒྲིག་འཛུགས་ལག་བསྟར་བྱེད་ཚུལ་དང་། འཛུགས་སྐྲུན་འཕེལ་རིམ། སྤུས་ཚད་ཚད་གཞི་བཅས་ལ་ལྟ་བཤེར་དང་དཔྱད་ཞིབ་བྱེད་དགོས། བདུན་ནས་དཔལ་འབྱོར་དམིགས་ཚད་རྗེས་ལུས་ཡིན་པའི་གནད་དོན་ཁག་གཅིག་ནུས་ཤུགས་ཡོད་རྒུས་སེལ་དགོས། མ་འཇོག་དམ་འཛིན་དང་རྣམ་གྲངས་དམ་འཛིན་བྱ་རྒྱུ་དེ་གནས་བབ་སྔར་བས་མངོན་གསལ་དོད་སར་བཞག་སྟེ། རྣམ་གྲངས་ཞེས་པའི་གནད་འགག་འདི་དངོས་འབྲེལ་དམ་འཛིན་ཡག་པོ་བྱས་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་གྱི་གཞི་གདན་བརྟན་དུ་གཏོང་དགོས། བརྒྱད་ནས་འཛུགས་སྐྲུན་ཁོར་ཡུག་ལེགས་པོ་མེད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་སེལ་དགོས། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་གཉིས་གཅིག་གྱུར་འཆར་འགོད་བྱས་ཐོག་སྤུས་ཚད་ཀྱི་འགག་སྒོ་དང་བདེ་འཇགས་ཀྱི་འགག་སྒོ་ནན་སྲུང་དང་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ“དྲོ་སྐྱིད”ལྡན་པ་དང་། རྣམ་གྲངས་འཛུགས་སྐྲུན་ལ“སྲུང་ར”ཡོད་པ། རྣམ་གྲངས་སྤྱོད་གཙང་ཐད“དམར་ཐིག”ཡོད་པ་བཅས་བྱེད་དགོས།