◆ འགན་འཁྲི་ནན་དུ་གཏོང་བ་དང་། མཉམ་ཤུགས་ཆགས་པ། རང་འགན་ཐེག་པ་འཁུར་ལེན། འགག་སྒྲོལ་དཀའ་སེལ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་དུས་བབ་བརྟན་ཐོག་ཡར་འཕེལ་ཡོང་བའི་འགན་ལེན་བྱེད་དགོས།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་ལ་མཆན་བཀོད་མཛུབ་སྟོན་གནང་བ་རེད།
ཝང་ཅུན་ཀྲེང་གིས་མཆན་བཀོད་མཛུབ་སྟོན་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་ནང་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་གནད་དོན་སྐོར་ལ་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་དེ་དམངས་འཚོ་ལེགས་སུ་གཏོང་བ་དང་། མི་སེམས་གཅིག་ཏུ་སྒྲིལ་བ། བརྟན་ལྷིང་སྲུང་སྐྱོང་བྱེད་པ། ཞི་མཐུན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་བཞག་ཡོད་པ་མ་ཟད། ད་དུང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི“དམངས་འཚོའི་འདུ་འགོད་ཆེན་པོ་བཅུའི”ཨང་དང་པོར་བརྩིས་ནས། སྲིད་ཇུས་དང་བྱེད་ཐབས་ནུས་ལྡན་སྤྱད་དེ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་དུས་བབ་བརྟན་པོ་ཡོང་བར་བྱས་ཡོད་ཅེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུཌ་ལས་དོན་དེ“འགོ་ཁྲིད་ཨང་དང་པོའི”འདུ་འགོད་ལ་བརྩིས་ནས་འགན་འཁྲི་ནན་དུ་གཏོང་བ་དང་། མཉམ་ཤུགས་ཆགས་པ། རང་འགན་ཐེག་པ་འཁུར་ལེན། འགག་སྒྲོལ་དཀའ་སེལ་བཅས་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མའི་ཐབས་ལམ་མང་བའི་ཁྲོམ་རའི་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་མི་རིགས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་ཟུང་འབྲེལ་དང་། གྲོང་གསེབ་དར་རྒྱས་གཏོང་བ་དང་ཟུང་འབྲེལ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་བཅས་བྱས་ནས་གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་། གནད་དོན་གསར་པ་རང་འགུལ་ངང་ཐག་གཅོད། ཚན་རིག་དང་མཐུན་ཞིང་ཕན་ནུས་ལྡན་པའི་ལས་ཀའི་ལམ་སྲོལ་འཚོལ་ཞིབ་ཧུར་ཐག སྲིད་ཇུས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན། ཕྱོགས་བསྡུས་ལས་སྟེགས་སྐྲུན་པ། ཐོན་སྐྱེད་དང་ལས་ཞུགས་ཟུང་འབྲེལ་ལ་སྐུལ་འདེད་གཏོང་བ། ཆེད་ལས་ཀྱི་གྲུབ་ཆ་ལེགས་སྒྲིག སྤྱི་པའི་ཞབས་འདེགས་ཞིབ་ཚགས། ལྟ་བར་འགྱུར་ལྡོག་གཏིང་ཟབ་གཏོང་བ་བཅས་བྱས་ནས། ལྗོངས་ཡོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་དུས་བབ་བརྟན་ཐོག་ཡར་འཕེལ་ཡོང་བའི་འགན་ལེན་བྱས་ཏེ། ལྗོངས་ཡོངས་ཀྱི་བརྟན་ལྷིང་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།
རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཆོག་མཆན་གནང་བ་བརྒྱུད། ཚེས་21ཉིན། རང་སྐྱོང་ལྗོངས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་དང་ལྗོངས་ཡོངས་ཀྱི་2022ལོའི་མཐོ་སློབ་དཀྱུས་མའི་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་ཚོགས་འདུ་ལྷ་སར་འཚོགས་ནས། ལས་ཞུགས་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ལག་བསྟར། འདི་ལོའི་རང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་བཀོད་སྒྲིག་བཅས་བྱས་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་དང་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཝང་ཡུང་དང་ཏུའུ་ཅན་ཀུང་ཚོགས་འདུར་ཞུགས་པ་རེད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བློ་བརྟན་འགྱུར་མེད་ངང“གཏན་འཁེལ་གཉིས”སྲུང་སྐྱོང་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས་དུས་སྐབས་གསར་པའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་ལ་འཕྲད་པའི་དུས་བབ་དང་ལས་འགན་ཁོང་དུ་ཡང་དག་ཆུད་པར་བྱས་ནས་བསམ་བློ་དང་བྱ་སྤྱོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱའི་ཐོག་གཅིག་གྱུར་ཡོང་བར་བྱས་ནས་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་འདི་ལོའི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་ལ“ཚད་བརྒལ་བདུན”ཡོང་བའི་བརྩོན་ལེན་བྱེད་དགོས། ལས་གནས་སྔོག་འདོན་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ལས་གནས་སྙོམས་སྒྲིག་ཡོང་ཚད་མཐོ་རུ་གཏོང་བར་ཚད་བརྒལ་གསར་པ་ཡོང་བར་བྱེད་དགོས། ལྗོངས་ཕྱིའི་ལས་ཞུགས་མུ་མཐུད་གཙོ་གནད་ལས་འགན་ལ་བརྩིས་ནས་སྐུལ་འདེད་བཏང་སྟེ་ལྗོངས་ཕྱིའི་ལས་ཞུགས་ལ་ཚད་བརྒལ་གསར་པ་ཡོང་བར་བྱེད་དགོས། ཁྲོམ་ར་ཅན་དང་སྤྱི་ཚོགས་ཅན་གྱི་ལས་ཞུགས་ཁ་ཕྱོགས་ལ་འགྱུར་ལྡོག་མི་གཏོང་བ་མཐའ་འཁྱོངས་བྱས་ནས་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བར་ཚད་བརྒལ་གསར་པ་ཡོང་བར་བྱེད་དགོས། མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་ཆེད་དོན་བྱ་སྤྱོད་དང་ཕ་ཡུལ་དུ་ལོག་ནས་ལས་གཏོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། རང་རྟེན་ལས་གཏོད་ལ་ཚད་བརྒལ་གསར་པ་ཡོང་བར་བྱེད་དགོས། ལས་ཞུགས་སྲིད་ཇུས་དྲིལ་བསྒྲགས་བྱེད་སྒོ་རྒྱུན་མཐུད་སྤེལ་ནས་འདུ་ཤེས་འགྱུར་བར་ཚད་བརྒལ་གསར་པ་ཡོང་བར་བྱེད་དགོས། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་གྲངས་གཞིའི་བསྡོམས་རྩིས་ལས་དོན་ཏན་ཏིག་བསྒྲུབས་ནས། གྲངས་གཞི་གནད་སྨིན་ལ་ཚད་བརྒལ་གསར་པ་ཡོང་བར་བྱེད་དགོས། མཁོ་སྤྲོད་སྦྲེལ་མཐུད་ཀྱི་ལས་སྟེགས་གང་ལེགས་བསྐྲུན་ནས་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་མཐོ་སློབ་སློབ་ཐོན་སློབ་མར་གཙོ་གནད་ལ་རོགས་སྐྱོར་བྱས་ཏེ། བྱེད་སྟངས་དང་བྱེད་ཐབས་ལ་ཚད་བརྒལ་གསར་པ་ཡོང་བར་བྱེད་དགོས།
ཚོགས་འདུའི་ཐོག་གྲོང་ཁྱེར་དང་། ས་ཁུལ་ཁག སྡེ་ཚན་ཁག འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་བཅས་ཀྱིས་བྱེད་པོའི་འགན་འཁྲི་དང་ལས་དོན་གཙོ་བོའི་འགན་འཁྲི་སྔར་བས་ནན་དུ་བཏང་སྟེ། འགན་འཁྲི་ཁ་གསལ་དང་། བྱ་ཐབས་ནུས་ལྡན། འགན་ལེན་ནུས་ལྡན་བཅས་ཀྱི་དོན་འཁྱོལ་ལམ་སྲོལ་འཛུགས་དགོས། མཐོ་སློབ་སློབ་ཐོན་སློབ་མའི་གནས་ཚུལ་གནད་ལ་འཁེལ་པོས་ཁོང་དུ་ཆུད་པར་བྱས་ནས་སྲིད་ཇུས་དང་བྱ་ཐབས་ལ་ཕྱོགས་བསྡུས་ནུས་ཤུགས་འདོན་དགོས། དཔྱད་ཞིབ་ལ་ལྟ་སྐུལ་མཛུབ་ཁྲིད་དང་རྗེས་འདེད་བྱས་ནས་ཕན་འབྲས་བརྩོན་ལེན་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་ངང་མཐོ་སློབ་སློབ་ཐོན་སློབ་མའི་སྤུས་ཚད་དེ་བས་མཐོ་བའི་ལས་ཞུགས་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད།