ཚེས་1ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་སྟེ། “ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྲལ་རིན་གཉིས་གཅོག་སྐོར་གྱི་འབྲེལ་ཡོད་ཐབས་ཇུས་བཀོད་སྒྲིག་དང་རྒྱལ་ཡོངས་ ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ། ཞིང་ལས་ཐོན་རྫས་གཙོ་བོའི་འགན་སྲུང་གི་འབྲེལ་ཡོད་དོན་དག་ལ་ཞིབ་འཇུག རང་སྐྱོང་ལྗོངས་ཀྱི་ཁེ་ལས་ཀྱི་ཐོབ་ཁྲལ་སྲིད་ཇུས་ལག་བསྟར་བྱ་ཐབས་ལ་གྲོས་ཞིབ་བཅས་བྱས་པ་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་མཚན་ཚོགས་འདུར་ཞུགས་ཡོད་པ་རེད།
ཁྲེན་ཡུང་ཆིས་བསྟན་གནང་དོན། ཞིང་ལས་ཐོན་རྫས་གཙོ་བོའི་འགན་སྲུང་འཐབ་ཇུས་ལག་བསྟར་བྱ་རྒྱུ་ནི“ཞིང་གསུམ”ལས་དོན་གྱི་དོན་ཆེན་ཨང་དང་པོ་དེ་རེད་ལ། ཞིང་འབྲོག་མང་ཚོགས་ཀྱི་ཐོན་འཕར་འབབ་འཕར་དང་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཀྱང་རེད། “གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་དགོས་ན་ངེས་པར་དུ་ཞིང་ལས་ཐོན་རྫས་གཙོ་བོ་དང་ལྷག་པར་དུ་འབྲུ་རིགས་མཁོ་སྤྲོད་འགན་ལེན་བྱེད་རྒྱུ་དེ་ལས་འགན་ཨང་དང་པོར་བརྩི་དགོས་པའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཞིང་འབྲོག་ལས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱས་ནས་འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གཙོ་བོ་མཁོ་སྤྲོད་ནུས་ལྡན་ཐུབ་པའི་འགན་ལེན་བྱེད་དགོས། ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག་མཐའ་འཁྱོངས་ཀྱིས་རྨོ་ཞིང་གི་དམར་ཐིག་ནན་པོར་སྲུང་བ་དང་། ནས་སོགས་འདེབས་ཁྱོན་ཆེ་རུ་ཏན་ཏིག་གཏོང་བ། ཡུན་རིང་རང་བཞིན་གྱི་གཞི་རྩའི་ཞིང་ཁ་དང་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ།
ཚན་རྩལ་ཞབས་ཞུར་ཤུགས་སྣོན་རྒྱག་པ། ས་བོན་སྤུས་ལེགས་སྲུང་སྐྱོང་དང་ལེགས་བཅོས་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་འབྲུ་རིགས་ཐོན་ནུས་བརྟན་པོའི་ངང་ཆེ་རུ་གཏོང་དགོས། མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ་ཞིང་སྐྱོར་དང་། ཞིང་ཕན་གྱི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་བ། རིམ་པ་བཞིན་དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ཏེ། རང་ལྗོངས་ཀྱི་ཞིང་ལས་ཐོན་རྫས་གཙོ་བོའི་མཁོ་སྤྲོད་གཞི་རྩའི་ཆ་ནས་དོ་སྙོམས་ཡོང་བར་འགན་ལེན་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་འཛད་སྤྱོད་ཀྱི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་དགོས།
ཁྲེན་ཡུང་ཆིས་གསུངས་དོན། ཁྲལ་རིན་གཉིས་གཅོག་ནི་ཁྲོམ་རའི་བྱེད་པོ་འགན་ལེན་དང་། དཔལ་འབྱོར་བརྟན་པོའི་ངང་འཕར་བར་ཆེས་ཐད་ཀར་དང་། ཆེས་ནུས་ལྡན་དང་ཁེ་ལས་ཀྱི་དགའ་བསུ་ཆེ་ཤོས་ཐོབ་པ་བཅས་ཀྱི་སྲིད་ཇུས་ཀྱི་བྱེད་ཐབས་ཤིག་རེད། རང་ལྗོངས་ཀྱི་ཁེ་ལས་ཀྱི་ཐོབ་ཁྲལ་གྱི་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ཏེ་ཕྱོགས་ཡོངས་ནས་གནད་སྨིན་དང་། སྦྲེལ་མཐུད་གོ་རིམ་ལྡན་པ། ཁྲིམས་བཞིན་སྲིད་ཇུས་ཚད་ལྡན་བཟོས་ཏེ་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་དགོས། སྲིད་ཇུས་གསལ་འགྲེལ་དང་དྲིལ་བསྒྲགས་འོས་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་སྲིད་ཇུས་ཤེས་རྟོགས་ཐུབ་ཚད་ཆེ་རུ་བཏང་ནས། གཟིགས་སྐྱོང་སྲིད་ཇུས་ཀྱིས་ཁེ་ལས་དེ་བས་མང་བར་ཕན་པ་ཐོབ་པར་བྱེད་དགོས།