དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་བཀོད་སྒྲིག་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛次仁   |     སྤེལ་དུས།  2022-03-21

    ◆ སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས།

     ཚེས་19ཉིན་གྱི་སྔ་དྲོ། རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་ཉན་པ་དང་བལྟས་རྗེས། རང་ལྗོངས་ཀྱིས་བརྙན་ལམ་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཙུང་ལི་གཞོན་པ་སུན་ཁྲུན་ལན་གྱི་གསུང་བཤད་དང་རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་སླར་ཡང་སྐུལ་སློང་དང་། བཀོད་སྒྲིག དོན་འཁྱོལ་བཅས་བྱས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཡན་ཅིན་ཧའེ་དང་། ཁྲེན་ཡུང་ཆི། ཕུར་བུ་དོན་གྲུབ། ཟླ་བ་ཚེ་རིང་། ཞུས་ཁྲེང་ཚང་། ཀྲང་ཡན་ཆིང་བཅས་ཚོགས་འདུར་ཞུགས་པ་རེད།

    ཝང་ཅུན་ཀྲེང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་རྒྱལ་ཁབ་ཕྱི་ནང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་ལ་ཚན་རིག་དང་མཐུན་པའི་ངང་དབྱེ་ཞིབ་གནང་བ་དང་། སྔོན་འགོག་དང་ཚོད་འཛིན་ལས་དོན་ཁག་དམ་འཛིན་ཞིབ་ཕྲ་དང་ཏན་ཏིག་བྱ་རྒྱུའི་ཐད་བཀོད་སྒྲིག་གལ་ཆེན་གནང་ནས་ང་ཚོས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་མིག་སྔའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་ཞིབ་ཕྲའི་བླང་བྱ་བཏོན་ཡོད། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་བསམ་བློ་དང་བྱ་སྤྱོད་དེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱས་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས།

    ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་བསམ་བློའི་ངོས་འཛིན་ཟབ་ཏུ་གཏོང་དགོས་ཤིང་། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རང་ལྗོངས་ཀྱི་མིག་སྔར་འཕྲད་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་ལ་གནད་སྨིན་བརྡར་གཅོད་དང་རིག་པ་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་བྱེད་པ་དང་། ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་བྱེད་པ། དུས་དང་རྣམ་པ་ཀུན་ཏུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྩ་བ་དེ་དམ་པོར་འཛིན་པ་བཅས་བྱས་ནས་བག་མེད་ལྷོད་གཡེང་གི་བསམ་པ་དང་། དམག་རྒྱག་མི་འདོད་པའི་བསམ་པ། སྟབས་ལེགས་པ་བྱུང་ན་བསམ། ལྷོད་གཡེང་གི་བསམ་པ་བཅས་ཁྱད་བསད་མཐའ་གཅིག་ཏུ་བྱེད་དགོས། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་དང་། ཏང་ཀྲུང་དབྱང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྤྱིའི་ཐབས་ཇུས་དང་སྤྱིའི་བྱེད་ཕྱོགས་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་རྒྱུ་མཐའ་འཁྱོངས། སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་ཁྲིམས་ལྟར་དང་། ཚན་རིག་དང་མཐུན་པ། གནད་ལ་འཁེལ་བ། ནན་པ་བཅས་ཀྱི་ཐོག་ནས་དོན་འཁྱོལ་ནན་པོ་དང་ཞིབ་ཕྲ་བྱེད་རྒྱུ་མཐའ་འཁྱོངས། རིན་དོད་ཆུང་ཤོས་ལ་བརྟེན་ནས་སྔོན་འགོག་དང་ཚོད་འཛིན་གྱི་ཕན་འབྲས་ཆེ་ཤོས་ཐོན་གང་ཐུབ་བྱེད་པ། རིམས་ནད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐེབས་པའི་ཤུགས་རྐྱེན་ཆུང་དུ་གཏོང་གང་ཐུབ་བཅས་བྱེད་དགོས།

    རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་མཐའ་གཅིག་ཏུ་དམ་འཛིན་ནན་པོ་བྱེད་དགོས་ཤིང་། རིམས་འགོག་སྨན་ཁབ་རྒྱག་པར་མུ་མཐུད་སྐུལ་འདེད་བཏང་ནས་རིམས་འགོག་སྨན་ཁབ་རྒྱག་ཚད་མཐོ་རུ་གཏོང་དགོས། གཙོ་གནད་མི་ཚོགས་ལ་ཉིང་སྐྱུར་བརྟག་དཔྱད་ཡག་པོ་བྱེད་པ་དང་། སྨན་བཅོས་སྒྲིག་གཞི་དང་། འགག་སྒོའི་ཚོང་དོན། རྒན་གསོའི་སྒྲིག་གཞི། ཟོག་འགྲེམས་མྱུར་སྐྱེལ་སོགས་གཙོ་གནད་ལས་རིགས་ཀྱི་ལས་ཞུགས་མི་སྣར་ཉིང་སྐྱུར་བརྟག་དཔྱད་བྱེད་ཤུགས་ཆེ་རུ་གཏོང་བ། སློབ་གྲྭ་སོགས་འདུ་འཛོམས་བྱ་ཡུལ་གྱི་མི་ལ་ཉིང་སྐྱུར་བརྟག་དཔྱད་བྱེད་ཐེངས་མང་དུ་གཏོང་བ། ཉིང་སྐྱུར་བརྟག་དཔྱད་བྱེད་ནུས་ཆེ་རུ་བཏང་ནས། སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་སྙན་སེང་། སྔ་ཙམ་ལོགས་སུ་འཇོག་པ། སྔ་ཙམ་སྨན་བཅོས་བཅས་ཀྱི་བླང་བྱ་དོན་འཁྱོལ་བྱས་ཏེ་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ནན་པོ་དང་ཏན་ཏིག་སྒྲུབ་དགོས། དུས་རྒྱུན་ནས་ཤུགས་སྣོན་བརྒྱབ་སྟེ་འཕྲལ་སྡོམ་ནང་སྦྱོང་དང་མི་སྣ་གསོ་སྦྱོང་སོགས་ཀྱི་ལས་དོན་ཧུར་ཐག་སྤེལ་བ་དང་། རྒྱ་ཆེའི་མང་ཚོགས་ལ་རང་ངོས་ཀྱི་རིམས་འགོག་འདུ་ཤེས་ཟབ་ཏུ་གཏོང་དགོས་པའི་སློབ་གསོ་ཁྲིད་སྟོན་བྱེད་པ། རང་རྟོགས་ངང་རིམས་འགོག་གི་བླང་བྱར་བརྩི་སྲུང་ཞུ་བ། མཉམ་འགོག་མཉམ་འདོམས་དང་མཉམ་འགོག་མཉམ་བཅོས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་ཀྱི་སྔོན་འགོག་དང་ཚོད་འཛིན་གྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་དགོས།

    རིམས་ནད་ཕྱི་ནས་མི་འགོ་བ་མཐའ་འཁྱོངས་བྱེད་དགོས་ཤིང་། སྔོན་འགོག་སྔོན་ལ་བྱེད་པ་མཐའ་འཁྱོངས་ཀྱིས་གཙོ་གནད་ཁུལ་དང་འདུ་འཛོམས་བྱ་ཡུལ་གྱི་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་ནན་པོ་བྱས་ཏེ“གནས”འགོག་སྲུང་དང་། “མཚམས”བརྟན་སྲུང་། “ཁྱོན”ལ་དོ་དམ། “སྦྲེལ་ཐག”གཅོད་པ་བཅས་བྱས་ནས“ཕྱི་ནས་མི་འགོ་བའི”ལས་དོན་གལ་ཆེན་འདི་གཏིང་ཟབ་དང་། ནན་པོ། ཞིབ་ཕྲ་བཅས་ཀྱི་སྒོ་ནས་སྒྲུབ་དགོས། བོད་ལ་ཡོང་སྐབས་སྙན་སེང་ཞུ་བའི་ལས་དོན་ཡག་པོ་བསྒྲུབས་ནས་བོད་དུ་ཡོང་བའི་འགག་སྒོར་དོ་དམ་ཚོད་འཛིན་དང་མཐའ་མཚམས་འགག་སྒོའི་སྔོན་འགོག་དང་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་དང་། གཏོགས་ཁོངས་དང་། སྡེ་ཚན། ཚན་པ། མི་སྒེར་བཅས“ཕྱོགས་བཞིའི་འགན་འཁྲི”ནན་དུ་གཏོང་བ། བོད་དུ་ཡོང་བའི་བགྲོད་ལམ་གྱི་རིམས་ནད་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། བོད་དུ་ཡོང་མཁན་ལ་ཞིབ་བཤེར་བྱེད་ཐབས་དོན་འཁྱོལ་ནན་པོ་བཅས་བྱས་ཏེ་འགྲུལ་རྒྱུན་དང་ཟོག་འགྲེམས་ལ་དོ་དམ་ཚོད་འཛིན་ཡག་པོ་བྱེད་དགོས། རྒྱ་ཆེའི་རིམས་འགོག་ལས་དོན་མི་སྣས་སྤྱོད་ཚུལ་བཟང་པོ་མུ་མཐུད་དར་སྤེལ་བཏང་སྟེ་མཐའ་འཁྱོངས་བྱས་ན་རྒྱལ་ཁ་འཐོབ་ངེས་ཡིན་པ་བློ་ལ་བརྟན་པོར་ངེས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་ཏན་ཏིག་བསྒྲུབས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་དང་གཟུགས་གཞིའི་བདེ་ཐང་སྲུང་སྐྱོང་ཏན་ཏིག་བྱེད་དགོས།

    མཐའ་ཚད་ཀྱི་བསམ་བློ་བརྟན་པོ་འཛུགས་དགོས་ཤིང་། གྲ་སྒྲིག་ཡོད་ན་སྤྱོད་དགོས་མ་བྱུང་ཡང་གྲ་སྒྲིག་མེད་པ་ལས་བཟང་བའི་བསམ་བློ་བཙུགས་ཏེ་གནད་དོན་དེ་བས་རྙོག་འཛིང་ཆེ་ཙམ་ལ་བསམ་བློ་གཏོང་བ་དང་། དཀའ་ངལ་དེ་བས་ཆེ་ཙམ་ལ་བསམ་བློ་གཏོང་བ། དངོས་ཟོག་གྲབས་གསོག་དེ་བས་འདང་ངེས་གྲ་སྒྲིག་བཅས་བྱས་ནས་གློ་བུར་དུ་ཐོན་པའི་རིམས་ནད་ལ་ཁ་གཏད་གཅོག་པའི་གྲ་སྒྲིག་ལས་དོན་ཁག་ཡག་པོ་སྒྲུབ་དགོས། སྟབས་བསྟུན་སྨན་ཁང་གང་མགྱོགས་སྐྲུན་པ་དང་། ལོགས་སུ་འཇོག་ས་འདང་ངེས་གྲ་སྒྲིག་བྱེད་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྔོན་ཇུས་འཐུས་སྒོ་ཚང་དུ་གཏོང་བ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱེད་དགོས། མཁོ་བསྟུན་དངོས་རྫས་གསོག་འཇོག་དང་འགན་ལེན་བྱེད་ནུས་ཆེ་རུ་གཏོང་བ་དང་། སྨན་བཅོས་སྟོབས་ཤུགས་དང་ཐོན་སྐྱེད་དང་འཚོ་བའི་དངོས་རྫས་ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་བྱེད་པ། འཚོ་བའི་མཁོ་ཆས་མཁོ་འདོན་འགན་ལེན་ཡག་པོ་བྱེད་པ། མང་ཚོགས་ཀྱི་རྒྱུན་གཏན་ཐོན་སྐྱེད་དང་འཚོ་བ་བརྟན་པོ་དང་གོ་རིམ་ལྡན་པ་རྒྱུན་འཁྱོངས་བཅས་བྱེད་དགོས།

    ལས་ཀའི་འགན་འཁྲི་དང་རྩ་འཛུགས་ཀྱི་སྒྲིག་ཁྲིམས་ནན་དུ་གཏོང་དགོས་ཤིང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་འགོ་ཁྲིད་ལས་བྱེད་པ་གཙོ་བོས་མདུན་ཕྱོགས་སུ་བཀོད་འདོམས་བྱས་ཏེ། དུས་ཐོག་ཏུ་རིམས་ནད་ཀྱི་གནས་ཚུལ་ཁོང་དུ་ཡང་དག་ཆུད་པ་དང་། དུས་ཐོག་ཏུ་བཀོད་གཏོང་མཛུབ་ཁྲིད། དུས་ཐོག་ཏུ་བྱ་སྤྱོད་སྤེལ་བ་བཅས་བྱས་ཏེ། མངའ་ཁོངས་སྲུང་བའི་འགན་འཁྲིར་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་དང་། མངའ་ཁོངས་སྲུང་བའི་འགན་འཁྲིར་ཟ་རི་ཟི་རི་མི་བྱེད་པ། མངའ་ཁོངས་སྲུང་བའི་འགན་འཁྲིར་ལྷོད་གཡེང་མི་གཏོང་བ་བཅས་ཀྱི་འགན་ལེན་བྱས་ནས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས། ཁྲིམས་ལྟར་རིམས་འགོག་ནན་པོ་དང་། མང་ཚོགས་ཀྱི་འཚོ་བར་སེམས་ཁུར། ལས་དོན་སྒྲུབ་སྟངས་ལ་དོ་སྣང་། གཟུགས་བརྙན་བཟང་པོ་འཛུགས་པ་བཅས་མུ་མཐུད་མཐའ་འཁྱོངས་བྱས་ཏེ་སྟབས་བདེ་དང་རྒྱུག་པ་ལེབ་བརྡུངས་སྔོན་འགོག་དང་། སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་སྟེ་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་སྔར་བས་ཚན་རིག་དང་མཐུན་ཞིང་གནད་འཁེལ་ཡོང་བར་བྱེད་དགོས། ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ། གཞི་རིམ་རྩ་འཛུགས་ཀྱི་ནུས་པ་གང་ལེགས་འདོན་པ་བཅས་བྱས་ཏེ། དམ་པ་དོན་གཉེར་དང་ཚན་རིག་དང་མཐུན་ཞིང་གཟབ་ནན་གྱི་སྙིང་སྟོབས་ལ་བརྟེན་ནས་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ནུས་ལྡན་ཡོང་བའི་འགན་ལེན་ཏན་ཏིག་བྱེད་དགོས་པ་དང་། གཡུར་ཟའི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།