ཚེས་13ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆིས་རང་སྐྱོང་ལྗོངས་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་དང་དེང་རབས་ཞབས་ཞུའི་ལས་རིགས་ཀྱི་ཆེད་དོན་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་སྟེ་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་། ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ། རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་བཅས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཀྲུའུ་ཞི་ཡན་ཅིན་ཧའེ་ཡི་འབྲེལ་ཡོད་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ནས་ནུས་རྒྱུ་གཙང་མའི་ཐོན་ལས་ཆེད་དོན་ཚོགས་ཆུང་གི་2022ལོའི་ལས་དོན་གྱི་གཙོ་གནད་དང་། ནུས་རྒྱུ་གཙང་མའི་རྣམ་གྲངས་འགན་གཙང་གི་ལས་དོན། འོད་ཤུགས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བསམ་འཆར་བཅས་ལ་ཞིབ་འཇུག་དང་དེང་རབས་ཞབས་ཞུའི་ལས་རིགས་ཆེད་དོན་ཚོགས་ཆུང་གི་2022ལོའི་ལས་ཀའི་གཙོ་གནད་དང་ཞབས་ཞུའི་ལས་རིགས་ཁྱབ་ཁོངས་ཀྱི་དཀའ་ངལ་ཡོད་པའི་ལས་རིགས་འཕེལ་རྒྱས་སླར་གསོ་ལ་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི་སོགས་ཀྱི་དོན་གནད་ལ་ཞིབ་འཇུག་གནང་བ་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།
ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཚོགས་འདུར་ཞུགས་པ་རེད།
ཁྲེན་ཡུང་ཆིས། ནུས་རྒྱུ་གཙང་མ་འཕེལ་རྒྱས་གཏོང་རྒྱུ་ནི་ནུས་རྒྱུའི་གྲུབ་ཆ་ལེགས་སུ་གཏོང་བ་དང་། ནུས་རྒྱུའི་བདེ་འཇགས་འགན་ལེན་བྱེད་པ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ལས་འགན་གལ་ཆེན་ཞིག་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འདེགས་སྐྱོར་གལ་ཆེན་ཞིག་རེད། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལྟར་གོ་སྐབས་དམ་འཛིན་དང་། སྔོན་ཚུད་ནས་འཆར་འགོད། ལམ་སྲོལ་འཐུས་ཚང་། དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ནས་ནུས་རྒྱུ་གཙང་མ་གསར་སྤེལ་ལ་གང་མགྱོགས་སྐུལ་འདེད་བཏང་སྟེ་ཐོན་ཁུངས་ཀྱི་ལེགས་ཆ་ཐོན་ལས་ཀྱི་ལེགས་ཆ་དང་དཔལ་འབྱོར་གྱི་ལེགས་ཆར་བསྒྱུར་ནས། ནུས་རྒྱུ་གཙང་མའི“རྟེན་གཞི་གཅིག་དང་དཔེ་སྟོན་གཉིས”ཀྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་བཏོད་དེ“ཐཱན་གཉིས”ཀྱི་དམིགས་ཚད་མངོན་འགྱུར་ཡོང་བར་དགོས་ངེས་ཀྱི་ནུས་པ་འདོན་དགོས། གལ་ཆེའི་རྣམ་གྲངས་འགན་ལེན་གྱི་ལམ་སྲོལ་དོན་འཁྱོལ་ཡག་པོ་བྱས་ཏེ་ནུས་རྒྱུ་གཙང་མའི་གལ་ཆེའི་རྣམ་གྲངས་ལ་དུས་མཉམ་དུ་ཕྱིར་གཏོང་བགྲོད་ལམ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་དང་། ཁྲོམ་རའི་འཛད་སྤྱོད་བསྡུ་ལེན་གྱི་ཐབས་ལམ་རྒྱ་ཆེར་གཏོང་བ། ལྟ་སྐུལ་མཛུབ་ཁྲིད་དང་བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ། ལས་ཡུན་ལྡོག་སྒྲིག་དང་འཆར་འགོད་བཟོས་ནས་ལས་དོན་སྒྲུབ་པ་བཅས་བྱས་ནས་རྣམ་གྲངས་སྔ་ཙམ་དོན་འཁྱོལ་དང་། སྔ་ཙམ་བསྐྲུན་པ། སྔ་ཙམ་ཕན་འབྲས་ཐོན་པ་བཅས་ཀྱི་འགན་ལེན་བྱས་ཏེ་མ་འཇོག་གིས་དཔལ་འབྱོར་འཕར་བར་ཡར་སྐུལ་གྱི་ནུས་པ་གང་ལེགས་འདོན་དགོས་ཞེས་གསུངས་པ་རེད།
ཁྲེན་ཡུང་ཆིས། དེང་རབས་ཞབས་ཞུའི་ལས་རིགས་ནི་དཔལ་འབྱོར་འཕར་བར་སྐུལ་འདེད་གཏོང་བའི་སྒུལ་ནུས་གལ་ཆེན་དང་ལས་ཞུགས་བསྡུ་ལེན་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་རེད། དེང་རབས་ཀྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་མགྱོགས་སུ་བཏང་ནས་ཞིབ་འཇུག་གསར་སྤེལ་ཇུས་འགོད་དང་། དངུལ་རྩའི་འགན་བཅོལ། ནུས་རྒྱུ་བསྲི་ཚགས་དང་ཁོར་ཡུག་སྲུང་སྐྱོང་སོགས་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། བདེ་ཐང་དང་། རྒན་གསོ། བུ་ཕྲུག་གསོ་སྐྱོང་། ལུས་རྩལ། ཁྱིམ་ལས། སྡེ་ལས་སོགས་འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་གཙོ་གནད་ཐོག་འཕེལ་རྒྱས་གཏོང་བ། ཕྱོགས་ཡོངས་ནས་དེང་རབས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་གཞི་ཁྱོན་ཆེ་རུ་དང་རིམ་པ་མཐོ་རུ་གཏོང་བ་བཅས་བྱས་ཏེ་དངོས་ཚན་དཔལ་འབྱོར་ལ་ཞབས་ཞུ་དང་མི་དམངས་ཀྱི་སྣ་མང་ཅན་གྱི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་བསྐང་དགོས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ་གཙོ་གནད་ཐོག་ཁྲལ་བསྡུ་དང་། ཁང་གླ། སྤྱི་ཚོགས་འགན་བཅོལ། ལས་ཤོར་འགན་བཅོལ། དངུལ་རྩ་སོགས་ཁྱབ་ཁོངས་ལ་དམིགས་ཏེ་དངོས་ཐོག་བདེན་འཚོལ་གྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་བ་དང་ཕན་པ་ཁྱབ་རྒྱ་ཆེ་བའི་ཞིབ་ཕྲའི་བྱ་ཐབས་བཟོས་ནས། ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་ངང་ཁེ་ལས་ཀྱི་དཀའ་གནད་སེལ་རོགས་བྱེད་པ་དང་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཀྱི་ཁོར་ཡུག་སྔར་བས་ལེགས་སུ་བཏང་སྟེ་བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས་པའི་ནན་བཤད་གནང་བ་རེད།