དབུ་ཤོག>སྲིད་དོན།
  • ཀྲོང་ཡན་དགའ་ལྡན་དགོན་དང་། སེ་ར་དགོན། འབྲས་སྤུངས་དགོན་བཅས་ལ་བརྟག་ཞིབ་གནང་བར་ཕེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-18

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ཉེ་ཆར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་དགའ་ལྡན་དགོན་དང་། སེ་ར་དགོན། འབྲས་སྤུངས་དགོན་བཅས་ལ་སྔ་རྗེས་སུ་ཕེབས་ཏེ། དགོན་སྡེ་དོ་དམ་གསར་གཏོད་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།

    བརྟག་ཞིབ་གནང་རིང་ཀྲོང་ཡན་གྱིས་དགེ་འདུན་པ་རྣམས་ལ་སློབ་སྦྱོང་དང་། སྒོམ་སྒྲུབ། འཚོ་བ་སོགས་ཀྱི་གནས་ཚུལ་དང་དེ་བཞིན་རང་སྐྱོང་ལྗོངས་ཀྱི་དགོན་ཕན་གྲྭ་ཕན་སྲིད་ཇུས་ཁག་དོན་འཁྱོལ་བྱས་ཚུལ་བྱམས་བརྩེའི་ངང་བཀའ་འདྲི་གནང་བ་དང་འབྲེལ། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་རྒྱ་ཆེའི་གྲྭ་བཙུན་ཚོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྟོན་ནན་ཏན་གནང་བ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་པ་དང་། “ཕན་འདོགས་པ་ལྔ”མཐའ་འཁྱོངས་བྱེད་པ།“ཚད་གཞི་བཞིར”བརྩི་སྲུང་ཞུ་བ། ཧྲུའུ་ཅི་ཝང་ཅུན་ཀྲེང་གི“ཡག་པོ་བཞིའི་དགེ་འདུན་པ་བྱེད་དགོས་པའི”བླང་བྱ་དོན་འཁྱོལ་བཅས་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་མ་ཟད། ད་དུང་ཐོག་མཐའ་བར་གསུམ་དུ་ཏང་དང་བློ་སེམས་གཅིག་མཐུན་དང་། བློ་ཁ་གཅིག་མཐུན། བསམ་སྦྱོར་གཅིག་མཐུན་བཅས་ཀྱང་ཡོང་བར་བྱེད་དགོས་པ་དང་། རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་བརྟན་པོ་བཙུགས་ཏེ། རྒྱལ་གཅེས་ཆོས་གཅེས་དང་། ཁྲིམས་སྲུང་སྡོམ་འཛིན། ཤེས་བྱར་སྦྱངས་བརྩོན། འགྲོ་བ་ཀུན་སྐྱོང་བཅས་བྱས་ནས་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་ལ་སྐུལ་འདེད་གཏོང་དགོས་པ། དེང་དུས་ཀྲུང་གོ་འཕེལ་རྒྱས་དང་ཡར་རྒྱས་ཀྱི་བླང་བྱ་དང་འཚམ་པ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་འཚམ་པའི་སྒོ་ནས་ཆོས་ཁྲིམས་དང་བསྟན་དོན་ལ་འཆད་འགྲེལ་བྱས་ཏེ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བའི་ནང་སྐྱེས་སྒུལ་ཤུགས་རྒྱུན་ཆད་མེད་པར་འཕེལ་བར་བྱེད་དགོས་པ། མི་རིགས་མཐུན་སྒྲིལ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་གཙོ་གནད་ལས་དོན་ལ་ཧུར་ཐག་ཞུགས་ཏེ། “འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བ་དང“མདུན་གྲལ་དུ་སླེབས་པ་བཞི”བྱེད་པར་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པ་བཅས་ཀྱི་སྐུལ་ལྕག་ཀྱང་བཏང་གནང་བ་རེད།

    ཀྲོང་ཡན་གྱིས། ལྗོངས་ཡོངས་ཀྱི་རིམ་ཁག་འབྲེལ་ཡོད་སྡེ་ཚན་ཁག་ལ་ཁྲིམས་ལྟར་དགོན་སྡེ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་དོ་དམ་བྱེད་སྟངས་ལེགས་སུ་གཏོང་བ་དང་། ཉེན་བརྡ་རྒྱུན་གཏོང་དང་དོགས་ཟོན་ལྷོད་མེད་བྱེད་པ། རང་འགན་ནན་སྒྲུབ་དང་གནད་སྨིན་ཇུས་འདོན་བཅས་བྱས་ཏེ། དགོན་སྡེའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་། མེ་ཟོན་བདེ་འཇགས། རིག་དངོས་སྲུང་སྐྱོབ་སོགས་ཀྱི་ལས་དོན་སྤྱི་འདོམས་ཀྱིས་ཡག་པོ་སྒྲུབ་དགོས་པ་དང་། དགོན་སྡེའི་རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་ལ་ཤུགས་སྣོན་བརྒྱབ་སྟེ། བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་རླབས་ཆེན་མེས་རྒྱལ་གྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་ལོ་རྒྱུས་དོན་དངོས་སྔོག་འདོན་དང་། ལེགས་སྒྲིག དྲིལ་བསྒྲགས་བཅས་བྱས་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱས་པའི་གཏམ་རྒྱུད་ཡག་པོ་ཤོད་དགོས་པ། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་། དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། ནན་པོ་གཙོ་བོར་འཛིན་པ། ཆུང་ས་ནས་དམ་འཛིན་བྱེད་པ། གཏིང་ཟབ་སར་ཤུགས་རྒྱག་པ། ཏན་ཏིག་གིས་རྨང་གཞི་འདིང་བ་བཅས་བྱས་ནས་རྒྱ་ཆེའི་གྲྭ་བཙུན་གྱི་འཚོ་བའི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་། རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས་སྤྱི་ཚོགས་ཞི་མཐུན་ལ་སྐུལ་འདེད་གཏོང་བ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།