དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-17

    ◆ སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཁྲིམས་ལྟར་དོ་དམ་དང་། ཚན་རིག་དང་མཐུན་པའི་འགོག་བཅོས། གནད་སྨིན་ཇུས་འདོན་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས།

     ཚེས་14ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་འཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། ཉེ་དུས་ལྗོངས་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སྤེལ་ཚུལ་གྱི་སྙན་སེང་གསན་པ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐོར་གཟིགས་ལས་དོན་དང་ལྷ་སའི་ལྷོ་རི་དང་བྱང་རི་སྔོ་འགྱུར་ལས་གྲྭའི་འཆར་འགོད་ལ་ཞིབ་འཇུག་བཅས་གནང་བ་མ་ཟད་འབྲེལ་ཡོད་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་ལག་བསྟར་ནན་ཏན་བྱས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱི་མཛུབ་ཁྲིད་འོག ཕྱོགས་ཁག་གི་སྟོབས་ཤུགས་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཁག་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་ནུས་ལྡན་བཏང་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རང་འགན་གཙང་སྒྲུབ་ནན་ཏན་བྱས་ཏེ་ཏན་ཏིག་ནུས་ལྡན་གྱི་ལས་དོན་འབོར་ཆེན་བསྒྲུབས་ཡོད། རྒྱ་ཆེའི་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་དང་ལྷག་པར་དུ་འཐབ་ཕྱོགས་དང་པོའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་མི་སྣས་རང་དོན་རྒྱབ་བསྐྱུར་གྱིས་ལས་དོན་སྒྲུབ་པ་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་ནས་དཀའ་སྤྱད་འབད་བརྩོན་བྱས་ཡོད། དེ་དང་དུས་མཚུངས། མིག་སྔར་རིམས་ནད་མཆེད་སྟངས་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བཞིན་ཡོད་པ་དང་། རིམས་ནད་མཆེད་ཡུལ་མང་བ་དང་། མཆེད་མགྱོགས་པ། ནད་རྟགས་མངོན་གསལ་མེད་པ་བཅས་ལས་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་ཛ་དྲག་ལ་རྙོག་འཛིང་ཆེན་པོ་ཡིན་པ་རིག་པ་དྭངས་གསལ་གྱིས་ངོས་འཛིན་ཐུབ་པ་བྱེད་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། འགོ་མཇུག་གཟབ་འཁྱོངས་དང་རང་འགན་གཙང་སྒྲུབ་བྱས་ནས་རྣམ་གཡེང་གི་བསམ་བློ་དང་། སུན་སྣང་གི་བསམ་པ། ལྷོད་གཡེང་གི་སེམས་ཁམས་བཅས་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ་དང་། “ཕྱི་ནས་མ་འགོས་པ”བྱེད་པའི་གལ་ཆེའི་ནང་གི་འགངས་ཆེན་དེར་དམ་འཛིན་ནན་པོ་བྱེད་པ། ཁྲིམས་ལྟར་དོ་དམ་དང་། ཚན་རིག་དང་མཐུན་པའི་འགོག་བཅོས། གནད་སྨིན་ཇུས་བསྟར་བཅས་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཁག་དོན་འཁྱོལ་ཞིབ་ཕྲ་དང་ཏན་ཏིག་བྱས་ནས་རིམས་ནད་མི་ཐོན་པ་བྱེད་པའི་མཐའ་ཚད་དེ་མཐའ་གཅིག་ཏུ་སྲུང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། བསམ་བློའི་ངོས་འཛིན་གཅིག་གྱུར་བྱེད་པ། མཐའ་ཚད་ཀྱི་བསམ་བློར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཉེན་ཁར་ཚོད་དཔག་གང་ལེགས་དང་བྱ་ཐབས་སྔར་ལས་ལྷག་པའི་སྒོ་ནས་གྲ་སྒྲིག་ཨང་བསར་བྱས་ཏེ་ཁྲིམས་ལྟར་གཟབ་ནན་ཏན་ཏིག་སྒོ་ནས་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཁག་ཡག་པོ་སྒྲུབ་དགོས། ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ནད་ཡམས་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་གཙོ་གནད་ཁུལ་གྱི་ལྟ་ཞིབ་ཚད་ལེན་དང་གཙོ་གནད་མི་སྣར་གྲལ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་སྔ་ས་ནས་ཤེས་རྟོགས་དང་ཆུང་ས་ནས་ཐག་གཅོད་བྱས་ཏེ་སྔོན་འགོག་ནན་པོ་ཐུབ་པ་བྱེད་དགོས། རྒྱུན་རྣམ་གྱི་སྔོན་འགོག་དང་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་སྟེ་ཆུང་ས་ནས་བསམ་བློ་གཏོང་བ་དང་དོན་ཆུང་ནས་འགོ་བཙུགས་ཏེ་མང་ཚོགས་ཀྱིས་ནད་ལྟ་སྨན་བཅོས་དང་། ཉིང་སྐྱུར་བརྟག་དཔྱད། རིམས་འགོག་སྨན་ཁབ་གཟེད་པ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་སྤྱི་ཚོགས་ཐོག་གི་སྔོན་འགོག་དང་ཚོད་འཛིན་གྱི་རྨང་གཞི་བརྟན་དུ་གཏོང་དགོས། ལས་ཀ་བྱེད་སྟངས་ལེགས་བཅོས་བྱས་ནས་སྤྱི་ཡོངས་ཀྱི་ལས་ཀའི་ཆུ་ཚད་མཐོ་རུ་བཏང་སྟེ་སྟབས་བདེའི་བྱེད་སྟངས་དང་གཅིག་དཔེ་བརྒྱ་འགེབས་བྱེད་རིགས་སྔོན་འགོག་བྱས་ནས་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་དགོས། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་གཏོགས་ཁོངས་ཀྱི་འགན་འཁྲི་ནན་དུ་གཏོང་བ་དང་། འཕྲལ་སྡོམ་དངོས་རྫས་གྲབས་གསོག་དང་འགན་ལེན་ལ་ཤུགས་སྣོན་རྒྱག་པ། འཕྲལ་སྡོམ་ནང་སྦྱོང་དང་མི་སྣ་གསོ་སྦྱོང་སོགས་ཀྱི་ལས་དོན་ཧུར་ཐག་སྤེལ་བ། མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པར་གཡོ་འགུལ་མི་གཏོང་བ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བར་སླ་བཅོས་མི་བྱེད་པ། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བྱེད་པར་ལྷོད་གཡེང་མི་གཏོང་བ་བཅས་ཡོང་བའི་འགན་ལེན་བྱས་ཏེ་དམ་པ་དོན་གཉེར་གྱི་སྙིང་སྟོབས་དང་དམ་ནན་གྱི་སྒྲིག་ཁྲིམས་ལ་བརྟེན་ནས་སྔོན་འགོག་དང་ཚོད་འཛིན་ལས་དོན་ནུས་ལྡན་གོ་ཆོད་ཡོང་བ་བྱེད་དགོས། མ་ལག་གི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་དང་། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་རྟག་ཏུ་རིག་པ་ལྕགས་སྐུད་བཞིན་དུ་བསྒྲིམས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་སྲུང་སྐྱོང་ཏན་ཏིག་བྱེད་དགོས།

    ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐོར་གཟིགས་ལས་དོན་གནས་ཚུལ་གྱི་སྙན་སེང་གསན་ཞིང་། ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཆབ་སྲིད་ཀྱི་སྐོར་གཟིགས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ལ་སྣང་ཆེན་བྱེད་པའི་བླང་བྱ་ལས་དོན་གྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། རྒྱུན་གཏན་སྐོར་གཟིགས་དང་ཆེད་དོན་སྐོར་གཟིགས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ“སྐབས་བསྟུན་རྣམ་པའི”སྐོར་གཟིགས་དང“ཕྱིར་མིག་ལྟ་བའི”བྱ་ཐབས་འཚོལ་ཞིབ་བྱས་ནས་སྐོར་གཟིགས་ཡོངས་སུ་ཁྱབ་པར་སྤུས་ཚད་མཐོ་པོའི་སྒོ་ནས་སྐུལ་འདེད་གཏོང་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་གནད་དོན་ཤེས་རྟོགས་བྱ་རྒྱུ་དེ་སྐོར་གཟིགས་ལྟ་སྐུལ་གྱི་ཕན་འབྲས་ཞིབ་དཔྱད་བྱེད་པའི་ཚད་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་སྐོར་གཟིགས་ཀྱི“རལ་གྲི་རྣོན་པོའི”ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་དེ་བས་ལེགས་པའི་སྒོ་ནས་གནད་དོན་ཐག་གཅོད་དང་ལས་དོན་ལ་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་འདིང་དགོས། སྐོར་གཟིགས་ཀྱི་ཚུར་ལན་དང་དག་ཐེར་ལས་དོན་ཟམ་མི་ཆད་པར་ལེགས་སུ་བཏང་སྟེ་སྐོར་གཟིགས་ཀྱི་རྗེས་མཐུད་ལས་དོན་ཞིབ་ཚགས་དང་ཏན་ཏིག་ངང་སྒྲུབ་དགོས།

    ཚོགས་འདུའི་ཐོག་ལྷ་སའི་ལྷོ་རི་དང་བྱང་རིའི་སྔོ་འགྱུར་ལས་གྲྭའི་འཆར་འགོད་ཀྱི་འབྲེལ་ཡོད་གནས་ཚུལ་གྱི་སྙན་སེང་གསན་ཞིང་། ཝང་ཅུན་ཀྲེང་གིས་ལྷ་སའི་ལྷོ་རི་དང་བྱང་རིའི་སྔོ་འགྱུར་ལས་གྲྭ་སྤེལ་བ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་སྤྱོད་དངོས་ཡིན་པས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་པར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ལྷ་སའི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་བ། མང་ཚོགས་ཀྱི་འཚོ་བ་དང་ཁོར་ཡུག་གི་སྤུས་ཚད་མཐོ་རུ་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། ང་ཚོས་དེར་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཤུགས་སྣོན་ཆད་མེད་དང་སྙིང་རུས་གཏན་འཁྱོངས་ཀྱིས་ལོ་ནས་ལོ་དང་སྐབས་ནས་སྐབས་མཐུད་དེ་འབད་བརྩོན་བྱས་ནས་ས་བབ་མཐོ་བའི་ས་ཁུལ་སྔོ་ལྗང་ཅན་དུ་འགྱུར་བ་དང་མཛེས་སྡུག་ལྡན་པ་བྱེད་དགོས། ཆོས་ཉིད་ལ་བརྩི་སྲུང་ཞུ་བ་དང་ཡུལ་བབ་དང་བསྟུན་ཏེ་ཚན་རིག་དང་མཐུན་པའི་ངང་ནགས་བཟོའི་སྡོང་ཕྲུག་དང་ནགས་བཟོ་བྱེད་སྟངས་མི་འདྲ་བ་གཏན་འཁེལ་ལུགས་མཐུན་བྱེད་པ་དང་། གསོན་ཚད་མཐོ་བའི་ས་གནས་དེ་རང་གི་ཤིང་སྣ་བདམས་ནས་ཞིང་འབྲོག་མང་ཚོགས་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་ནགས་བཟོའི་ལས་དོན་སྤེལ་ནས་མང་ཚོགས་ལ་དེའི་ཁྲོད་ནས་ཕན་པ་སྔར་ལས་ལྷག་པ་ཐོབ་པ་བྱེད་དགོས། སྲིད་ཇུས་སྦྲེལ་མཐུད་ལ་དམ་འཛིན་ཡག་པོ་བྱེད་པ་དང་། ལག་རྩལ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ། སྒྲིག་ལམ་ལ་ནན་པོ་གཞིགས་ཏེ་ལས་དོན་སྒྲུབ་པ། ལམ་ལུགས་ཇུས་འགོད་ཡག་པོ་བྱེད་པ། བྱ་བ་བཟང་པོ་དངོས་འབྲེལ་ཡག་པོ་སྒྲུབ་པ་བཅས་བྱེད་དགོས། མང་ཚོགས་དང་སྤྱི་ཚོགས་ཀྱི་བྱེད་པོ་འོས་འགན་ཤིང་འཛུགས་བྱེད་སྒོའི་ནང་ཞུགས་པར་ཁྲིད་སྟོན་དང་སྐུལ་སློང་ཧུར་ཐག་བྱས་ཏེ་ལྗང་མདོག་གི་ཕན་ནུས་ཆེ་རུ་བཏང་ནས་སྤྱི་ཚོགས་ཡོངས་སུ་སྔོ་ལྗང་ལ་དགའ་ཞེན་དང་སྔོ་ལྗང་ལ་སྲུང་སྐྱོང་བྱེད་པའི་རྣམ་པ་ཟབ་མོ་ཞིག་གཏོད་དགོས་པའི་ནན་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་དག་ལ་ཞིབ་འཇུག་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།