དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་ལྷ་སར་ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྱོང་དང་དུས་བདེ་འཛུགས་གཏོད་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-16

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་གྱིས་ལྷ་སར་ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྱོང་དང་དུས་བདེ་འཛུགས་གཏོད་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་བརྟག་ཞིབ་ནང་ལྷན་དུ་ཞུགས་ཡོད་པ་རེད།

    ལྷ་ས་མེ་འཁོར་བབས་ཚུགས་སུ་ཀྲོང་ཡན་གྱིས་བདེ་འཇགས་ཞིབ་བཤེར་ས་ཚིགས་དང་། སྤ་སེ་འཚོང་སའི་ཚོམས་ཆེན། མེ་འཁོར་སྒུག་སའི་ཚོམས་ཆེན། མེ་འཁོར་ཚུགས་སྟེགས། ཐོན་སྒོ་བཅས་སུ་ཕེབས་ནས་བདེ་འཇགས་ཞིབ་བཤེར་གྱི་གོ་རིམ་དང་བདེ་འཇགས་སྒྲིག་ཆས་སོགས་ལ་ཡུལ་དངོས་སུ་ལྟ་ཞིབ་གནང་ནས་ལྕགས་ལམ་ལམ་སྐྱོང་མཉམ་འགོག་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་གནང་བ་རེད། 

    ཁོང་གིས་དུས་བདེའི་ལྕགས་ལམ་འཛུགས་སྐྲུན་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། ལྕགས་ལམ་ལམ་རྒྱུད་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་གཏིང་ཟབ་བྱེད་པ། རྒྱ་ཆེའི་འགྲུལ་པར་ཞབས་འདེགས་ཡག་པོ་ཞུ་བ་བཅས་བྱས་ཏེ་ཚང་མར་བདེ་འཇགས་དང་། སྟབས་བདེ། སྐྱིད་སྣང་དོད་པ་བཅས་ཀྱི་ཕྱིར་བསྐྱོད་པའི་རྒྱུར་ཆ་རྐྱེན་བཟང་པོ་སྐྲུན་དགོས་ཞེས་གསུངས་པ་རེད། མིག་སྔར་སློབ་འགོ་ཚུགས་པའི་སྒང་ཡིན་པས་ཀྲོང་ཡན་ལྷ་ས་གྲོང་ཁྱེར་སློབ་འབྲིང་དང་པོར་ཕེབས་ཏེ་སློབ་གྲྭའི་བདེ་འཇགས་བརྟན་ལྷིང་གི་ལས་དོན་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བའི་རྩ་བའི་ལས་འགན་དོན་འཁྱོལ་བྱས་ཏེ་སློབ་མ་བདེ་ཐང་ངང་འཚར་ལོངས་ཡོང་བར་ཁྲིད་སྟོན་གྱིས་སྤྱོད་ལམ་དང་། ཤེས་རིག ལུས་རྩལ། མཛེས་རིག ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས་པ་དང་། སློབ་གྲྭ་དང་དེའི་མཐའ་འཁོར་གྱི་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཟབ་ཏུ་གཏོང་བ་དང་། ཁྲིམས་སྐྱོང་གི་སློབ་གསོ་དང་བདེ་འཇགས་ཀྱི་ཉེན་ཟོན་སློབ་གསོར་ཤུགས་སྣོན་རྒྱག་པ། སློབ་མའི་འཚོ་བར་གཅེས་སྐྱོང་དང་སེམས་ཁམས་ལ་དོ་ཁུར་བྱེད་པའི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་བཅས་བྱས་ནས་སློབ་གྲྭ་ངང་བདེ་འཇགས་དང་བརྟན་ལྷིང་རྒྱུན་མཐུད་ཡོང་བའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

    ཀྲོང་ཡན་གཡུ་ཐོག་ལམ་དུ་ཕེབས་ནས་ལམ་རྒྱུད་ཀྱི་ཚོང་པ་དང་གླེང་མོལ་གནང་སྟེ་ཚོང་གཉེར་གྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་། ལྷ་ས་བརྒྱ་ཟོག་ཐོག་བརྩེགས་ཁང་ཆེན་དུ་ཕེབས་ཏེ་བདེ་འཇགས་དོ་དམ་གྱི་ལས་དོན་ལ་བརྟག་ཞིབ་གནང་བ་རེད།

    བརྟག་ཞིབ་གནང་རིང་། ཀྲོང་ཡན་གྱིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཁྲིམས་སྐྱོང་བོད་ལྗོངས་དང་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་ཧུར་ཐག་བྱ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ། སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་དང་དུས་བདེ་འཛུགས་གཏོད་ཀྱི་རྨང་གཞིའི་རང་བཞིན་དང་། འགན་སྲུང་རང་བཞིན། སྣེ་ཁྲིད་རང་བཞིན་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ། དུས་བདེ་འཛུགས་གཏོད་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བ། སྤྱི་ཚོགས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་རང་རྟོགས་ངང་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱས་ཐོག་ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་བྱ་ཐབས་སྤྱད་དེ་འགལ་བ་སེལ་བ་དང་བརྟན་ལྷིང་སྲུང་སྐྱོང་བྱས་ནས་ཆུ་ཚད་དེ་བས་མཐོ་བའི་ཁྲིམས་སྐྱོང་བོད་ལྗོངས་དང་དུས་བདེའི་བོད་ལྗོངས་ཧུར་ཐག་བསྐྲུན་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་ཉེན་བརྡ་རྒྱུན་སྒྲོག་དང་། རྒྱུན་དུ་དོགས་ཟོན་བྱེད་པ། ཁྲིམས་ལྟར་བཅོས་སྐྱོང་དང་འབྱུང་རྩ་ནས་སྔོན་འགོག་ལ་དམ་འཛིན་ཏན་ཏིག་དང་དམ་འཛིན་ཞིབ་ཚགས་བྱེད་པ། གནད་དོན་མཉམ་བཅོས་དང་། ལས་དོན་མཉམ་སྤེལ། དུས་བདེ་མཉམ་གཏོད་བཅས་བྱས་ཏེ་བརྟན་ལྷིང་མཐུན་སྒྲིལ་དང་ཞི་མཐུན་བརྟན་ལྷིང་གི་ཁོར་ཡུག་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས་པ། མི་རྩ་བར་འཛིན་པ་དང་། བདེ་འཇགས་འཕེལ་རྒྱས། མི་དམངས་གོང་དུ་བཀུར་བ། ཚེ་སྲོག་གོང་དུ་བཀུར་བ་བཅས་མཐའ་འཁྱོངས་བྱས་ནས་ཞབས་ཞུའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ནུས་ཤུགས་ཡོད་རྒུས་བདེ་འཇགས་ཐོན་སྐྱེད་དང་། སྤྱི་པའི་བདེ་འཇགས། རིམས་ནད་སྔོན་འགོག་དང་ཚོད་འཛིན་སོགས་ཀྱི་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།