རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ཚེས་9ཉིན་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བྱ་རྒྱུའི་ཆེད་དོན་ཚོགས་ཆུང་གིས་ཚོགས་འདུ་ཐེངས་དང་པོ་འཚོགས་ནས། འབྲེལ་ཡོད་ཡིག་ཆ་ཞིབ་འཇུག་དང་གྲོས་ཞིབ་བྱས་པ་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཀྲོང་ཡན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་རེད།
ཀྲོང་ཡན་གྱིས། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ནང“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”འཐབ་ཇུས་བཀོད་སྒྲིག་བཏོན་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བྱ་རྒྱུ་ནི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ཚད་མཐོའི་མཐོང་ཆེན་གནང་སྟེ། བཀོད་སྒྲིག་དང་། འདྲི་རྟོག ལྟ་སྐུལ་མཛུབ་ཁྲིད་བཅས་ཐེངས་མང་གནང་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱ་རྒྱུར་ཞིབ་ཕྲའི་བླང་བྱ་བཏོན་གནང་བས། ང་ཚོས་ངེས་པར་དུ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས། ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས་ཞེས་བསྟན་གནང་ཡོད།
ཀྲོང་ཡན་གྱིས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ནས། མཐོ་ས་འཛུགས་གཏོད་ཀྱི་ལས་དོན་དེ“གཏན་འཁེལ་གཉིས”མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ་དང“སྲུང་སྐྱོང་གཉིས”ལྷག་བསམ་རྣམ་དག་ངང་ལག་ལེན་བསྟར་བའི་ཞིབ་ཕྲའི་བྱ་སྤྱོད་དུ་བརྩིས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་འཛུགས་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བློ་བརྟན་འགྱུར་མེད་ངང་འཛུགས་གཏོད་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
འཛུགས་གཏོད་ཀྱི་གཙོ་གནད་མངོན་གསལ་དོད་དུ་གཏོང་དགོས་ཤིང་། འཛམ་གླིང་གི་སྐྱེ་ཁམས་ཆེ་མོ་དང་རྒྱལ་ཡོངས་ཀྱི་ཁོར་ཡུག་ཆེ་མོར་གཞི་ཚུགས་པ་དང་། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས། ཡང་དག་པའི་ཁ་ཕྱོགས་སྟངས་འཛིན། “ཁུལ་ལྔ་དང་མ་ལག་གཅིག”སྐྲུན་པའི་དམིགས་ཚད་ལ་དམ་པོར་དམིགས་པ་བཅས་བྱས་ནས། བྱ་སྤྱོད་ཆེན་པོ་བཅུ་ལག་ལེན་བསྟར་རྒྱུ་གཙོ་གནད་དུ་བྱས་ཏེ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པའི་དམིགས་ཚད་མངོན་འགྱུར་ལ་སྐུལ་འདེད་གཏོང་དགོས་པ་དང་། ལས་ཀ་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས་ཤིང་། དམིགས་ཚད་དང་། གནད་དོན། འབྲས་བུ་བཅས་སྟོན་ཕྱོགས་སུ་འཛིན་རྒྱུ་མངོན་གསལ་དོད་དུ་གཏོང་བ་དང་། ལས་འགན་ཁག་དམིགས་ཚད་ཅན་དང་། རྣམ་གྲངས་ཅན། གསལ་ཐོ་ཅན་བཅས་སུ་འགྱུར་བ་བྱེད་པ། ལས་བགོས་འགན་འཁུར་དང་། མཐུན་སྦྱོར་གཞོགས་འདེགས། གཙོ་གནད་ལྟ་སྐུལ་ཞིབ་བཤེར། དུས་བཀག་སྙན་ཞུ་སོགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། འཛུགས་གཏོད་ལས་དོན་ལ་ཕན་འབྲས་དངོས་ཐོན་པར་བྱེད་དགོས་པ། རྣམ་པ་བཟང་པོ་གཏོད་དགོས་ཤིང་། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་མུ་མཐུད་དྲིལ་བསྒྲགས་གཏིང་ཟབ་དང་། རང་ལྗོངས་ཀྱིས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་དྲིལ་བསྒྲགས་ཤུགས་ཆེན། བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་མངོན་གསལ་དོད་པའི་གྲུབ་འབྲས་གང་ལེགས་མངོན་པ། དྲིལ་བསྒྲགས་བྱེད་སྟངས་དང་ཐབས་ལམ་གསར་གཏོད། དྲིལ་བསྒྲགས་ཀྱི་ནང་དོན་དང་སྤུས་ཚད་ལེགས་སུ་གཏོང་བ། རྒྱ་ཆེའི་མང་ཚོགས་ཚོས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་བའི་འདུ་ཤེས་རང་རྟོགས་ངང་ལག་བསྟར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས།