དབུ་ཤོག>སྲིད་དོན།
  • ལས་བྱེད་པས་མིག་དཔེ་བསྟན་ནས་སྣེ་ཁྲིད་དེ་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-11

    ནང་དོན་གནད་བསྡུས། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་འགོ་ཁྲིད་ལས་བྱེད་པ་ཚོས་མིག་དཔེའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས།

    བོད་ནི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་དང་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་གནང་བ་དང་། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས“དོན་ཆེན་བཞི”ཁ་གསལ་སྟོན་གནང་སྟེ། བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ང་ཚོར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།

    བོད་ཀྱིས“དོན་ཆེན་བཞི”ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམིགས་པ་དང་ལྗོངས་བབ་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། “རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས། རྒྱལ་ཁབ་ཀྱི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བྱ་རྒྱུའི”འབད་འཐབ་དམིགས་ཚད་བཏོན་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་དགོས།

    དམིགས་ཚད་གསལ་པོ་བཟོས་ཟིན་པས་འགག་རྩ་ནི་དོན་འཁྱོལ་ལ་ཐུག་ཡོད། “འགག་རྩའི་ཉུང་ཤས”ཤིག་ཡིན་པའི་འགོ་ཁྲིད་ལས་བྱེད་པ་ཚོས་མིག་དཔེའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། བྱས་པའི་རྗེས་དང་འདྲུད་པའི་ཤུལ་ཡོད་པ་ལྟར་བོད་ཀྱི་བྱ་གཞག་ཁག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་སྣེ་ཁྲིད་པ་ཡག་པོ་ཞིག་བྱས་ནས་སྣེ་ཁྲིད་དེ་དོན་འཁྱོལ་ལ་དམ་འཛིན་གྱིས་ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས།

    སྣེ་ཁྲིད་དེ“སྲུང་སྐྱོང་གཉིས”ཀྱི་མིག་དཔེ་སྟོན་དགོས། ཆབ་སྲིད་ལ་སྣང་ཆེན་བྱེད་པའི་མཐོ་ཚད་ནས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཆད་ལུས་མེད་པར་ལག་བསྟར་དོན་འཁྱོལ་བྱེད་དགོས།

    སྣེ་ཁྲིད་དེ་སྲིད་བརྩོན་དམངས་ཆེད་ཀྱི་མིག་དཔེ་སྟོན་དགོས། རྒྱལ་སྲིད་ནི་མི་དམངས་དང་མི་དམངས་ནི་རྒྱལ་སྲིད་ཡིན་པ་བློ་ལ་བརྟན་པོར་བཅངས་ནས། མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོ་ལངས་པ་དང་དམངས་ལ་བརྩེ་སེམས་ཟབ་མོ་བཅངས་ཏེ་མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་དག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱེད་པ་དང་། སེམས་ནུས་ཡོད་རྒུ་བཏོན་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་དངོས་འབྲེལ་ཁྱབ་པར་བྱེད་དགོས།

    སྣེ་ཁྲིད་དེ་འགན་འཁྲི་འཁུར་ཕོད་པའི་མིག་དཔེ་སྟོན་དགོས། འགན་འཁྲིའི་འདུ་ཤེས་ཟབ་ཏུ་བཏང་སྟེ་འགན་འཁྲི་སེམས་ལ་འཆང་བ་དང་། འགན་འཁྲི་ཕྲག་ཏུ་འཁུར་བ། འགན་འཁྲི་ལག་ལེན་བསྟར་བ་བཅས་བྱས་ནས། ཐབས་ཇུས་ཚན་རིག་དང་མཐུན་ཞིང་དམངས་གཙོ་ལྡན་པ་དང་། མཐའ་གཅིག་ཏུ་ལག་བསྟར་ནུས་ལྡན་བྱེད་པ། ལས་སྒྲུབ་ཁྲིམས་དང་མཐུན་ཞིང་ཕན་འབྲས་ཐོན་པ་བཅས་བྱས་ནས་ལས་བྱེད་པའི་དཔུང་ཁག་གི་སྣེ་ཁྲིད་དེ་བསམ་བློ་ཕྱོགས་གཅིག་ཏུ་གཏོང་བ་དང་། ཤུགས་ཕྱོགས་གཅིག་ཏུ་རྒྱག་པ། བྱ་བ་ཕྱོགས་གཅིག་ཏུ་སྒྲུབ་པ་བཅས་བྱེད་དགོས།

    སྣེ་ཁྲིད་དེ་གཞུང་དྲང་སྤྱོད་གཙང་གི་མིག་དཔེ་སྟོན་དགོས། འགོ་ཁྲིད་ལས་བྱེད་པས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་བསྲུངས་ཏེ། གཞུང་དྲང་རང་ཚུགས་དང་། སྤྱོད་གཙང་རང་སྲུང་། རང་གཟབ་ཆུང་ཟོན། མགོ་མཇུག་གཟབ་འཁྱོངས། སེམས་ལ་སྐྲག་སྣང་ཡོད་པ། སྐད་ཆར་འཛེམ་བྱ་ཡོད་པ། སྤྱོད་པར་ཚོད་འཛིན་ཡོད་པ། གྲིབ་མས་མ་འགོ་པའི་མི་བྱེད་པ། བྱ་བ་གཙང་མ་གཙང་རྐྱང་སྒྲུབ་པ། གཞུང་དྲང་སྤྱོད་གཙང་ཏན་ཏིག་ཐུབ་པ་བཅས་བྱེད་དགོས།

    སྣེ་ཁྲིད་དེ་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་མིག་དཔེ་སྟོན་དགོས། སྤྱོད་ཚུལ་འཛུགས་སྐྱོང་ནམ་ཡང་ཚར་དུས་མེད་པའི་བསམ་བློ་བརྟན་པོར་བཙུགས་ནས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། རྒྱུན་འཁྱོངས་ལྷོད་མེད་ངང་སྤྱོད་ཚུལ་ལེགས་སུ་གཏོང་བ། ཐོག་མཐའ་བར་གསུམ་དུ་ལྷོད་གཡེང་མེད་པར་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཏིང་ཟབ་དང་ཏན་ཏིག་གི་ཕྱོགས་སུ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མཛེས་སྡུག་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་ཐུན་མོང་ཐོག་མངོན་འགྱུར་ཡོང་ཆེད་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་ལེན་ནུས་ལྡན་བྱེད་དགོས།

    (མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ་ཧྲེན་ལིན་གྱིས་ལེགས་སྒྲིག་བྱས)

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།