དབུ་ཤོག>སྲིད་དོན།
  • ས་གནས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་ཁག་མི་དམངས་སྲིད་གཞུང་གི་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་སོགས་ལ་གྲོས་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-09

    ཚེས་7ཉིན་གྱི་ཕྱི་དྲོ། བོད་ཀྱི་འཐུས་མི་ཚོགས་པས་བཞུགས་གནས་སུ་ཚང་འཛོམས་གྲོས་ཚོགས་འཚོགས་ནས་ས་གནས་རིམ་ཁག་མི་དམངས་འཐུས་ཚོགས་དང་ས་གནས་རིམ་ཁག་མི་དམངས་སྲིད་གཞུང་གི་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་སོགས་ལ་གྲོས་ཞིབ་གནང་བ་རེད།

    བོད་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཝུའུ་དབྱིང་ཅེ་དང་། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ། ཡན་ཅིན་ཧའེ། ཕུར་བུ་དོན་གྲུབ། ཤའོ་ཡིའུ་ཚའེ། ཝང་ཡུང་བཅས་གྲོས་ཞིབ་ལ་ཞུགས་པ་རེད།

    འཐུས་མི་ཝང་ཅུན་ཀྲེང་དང་། བློ་བཟང་རྒྱལ་མཚན། ཡན་ཅིན་ཧའེ། ཅིང་ཧན་ཁྲའོ། ཀུའོ་ཆིང་ཕིང་སོགས་ཀྱིས་ཁག་སོ་སོར་གཏམ་བཤད་གནང་བ་རེད། ཚང་མས་ས་གནས་ཀྱི་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་རྒྱག་པ་ནི་དུས་རབས་གསར་པར་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུ་མཐའ་འཁྱོངས་དང་ཏང་གིས་མི་དམངས་ལ་འགོ་ཁྲིད་དེ་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་ནུས་ལྡན་བྱེད་རྒྱུ་འགན་ལེན་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ཟམ་མི་ཆད་པར་འཕེལ་རྒྱས་གཏོང་བ་དང་མི་དམངས་རང་ཁྱིམ་རང་བདག་འགན་ལེན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག ཏང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་དང་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལ་སྐུལ་འདེད་གཏོང་བའི་ལམ་ལུགས་ཀྱི་འགན་ལེན་ཞིག མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་དགོས་མཁོ་དངོས་བཅས་ཡིན་པས། དོན་སྙིང་གལ་ཆེན་ལྡན་པ་མ་ཟད། གལ་འགངས་ཤིན་ཏུ་ཆེ་ཞིང་དུས་ལ་ཏག་ཏག་འཁེལ་བས་རྦད་དེ་མོས་མཐུན་ཡོད་ཅེས་གསུངས་པ་རེད།

    འཐུས་མི་རྣམས་ཀྱིས་ས་གནས་ཀྱི་རྩ་འཛུགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་དུ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པས། ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པའི་ཆབ་སྲིད་ཀྱི་རྩ་དོན་མཐོ་ཤོས་འདི་གང་ལེགས་མངོན་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་གང་ལེགས་བྱས་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་གཏིང་ཟབ་བསྟར་བས། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ས་གནས་ཀྱི་རྩ་འཛུགས་བཅའ་ཁྲིམས་སུ་བཅུག་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བའི་ནང་དོན་ཕུན་སུམ་ཚོགས་སུ་བཏང་ཡོད། ཉམས་མྱོང་ལ་ཕྱོགས་སྡོམ་དང་དྲང་སྲུང་གསར་གཏོད་ཐུབ་པ་མ་ཟད། བརྟན་ལྷིང་གི་རང་བཞིན་དང་རྒྱུན་མཐུད་ཀྱི་རང་བཞིན་ཡང་རྒྱུན་འཁྱོངས་ཐུབ་པ་དང་། ཕྱོགས་ཡོངས་ལ་བསམ་གཞིག་ཐུབ་པ། གྲུབ་ཆ་སྔར་བས་ལུགས་མཐུན། ནང་དོན་སྔར་བས་ཞིབ་ཚགས། རྒྱས་བཤད་སྔར་བས་འཐུས་ཚང་། དམིགས་སའི་རང་བཞིན་དང་བཀོལ་སྤྱོད་ཀྱི་རང་བཞིན་སྔར་བས་ཆེ་རུ་ཕྱིན་པ་བཅས་ལྡན་པའི་ངོས་འཛིན་གནང་བ་རེད།

    འཐུས་མི་རྣམས་ཀྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཆེ་རུ་ཏན་ཏིག་གཏོང་བ། རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་དང་ད་ཐེངས་ཀྱི་ཁྲིམས་འཛུགས་ལག་ལེན་གལ་ཆེན་གྱི་བླང་བྱ་ཞིབ་ཕྲའི་ཐོག་གཅིག་གྱུར་ཡོང་བ། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ལ་བརྟེན་ནས་འཐུས་མིའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་སྒྲུབ་པ་དང་བརྡས་ཐག་གཅོད་པའི་དབང་ཆ་ཡང་དག་སྤྱད་དེ་གཟི་བརྗིད་ལྡན་པའི་འདེམས་ཤོག་གཅིག་ཡག་པོ་འཕེན་པ། ས་གནས་ཀྱི་རྩ་འཛུགས་བཅའ་ཁྲིམས་སློབ་སྦྱོང་ཡག་པོ་དང་ལག་བསྟར་ཡག་པོ་བྱས་ནས་ཁྲིམས་ལྟར་སྲིད་འཛིན་དང་། ཁྲིམས་ལྟར་ཇུས་ཐག་གཅོད་པ། ཁྲིམས་ལྟར་ལས་དོན་སྒྲུབ་པ་བཅས་ཀྱི་འཇོན་ཐང་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ། བཅོས་སྐྱོང་གི་མ་ལག་དང་བཅོས་སྐྱོང་གི་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ། ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཚགས་མཐའ་འཁྱོངས་བྱས་ནས། ས་གནས་མི་དམངས་འཐུས་ཚོགས་ཀྱིས་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་ལ་སྐུལ་འདེད་གཏོང་བ་དང་། ས་གནས་སྲིད་གཞུང་གིས་འགན་ནུས་ཚན་རིག་དང་མཐུན་པ་དང་། འགན་དབང་ཁྲིམས་བཀོད། ཁྲིམས་འཛིན་ནན་པོ། ཡོངས་བསྒྲགས་དྲང་གཞག རིག་ནུས་ནུས་ཆེ། སྤྱོད་གཙང་ཡིད་རྟོན། མི་དམངས་བློ་ཡིད་ཚིམ་པ་བཅས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་ཞིག་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། ཁྲིམས་ལྟར་འགན་འཁྲི་སྒྲུབ་ནུས་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་དང་ཐབས་ཇུས་བཀོད་སྒྲིག་བོད་དུ་ལག་བསྟར་དོན་འཁྱོལ་དང་ལག་བསྟར་ནུས་ལྡན་ཐུབ་པའི་འགན་ལེན་བྱེད་དགོས་པའི་ངོས་འཛིན་གནང་བ་རེད།

    ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་འཐུས་མིའི་སྐལ་གྲངས་དང་འདེམས་བསྐོའི་གནད་དོན་སྐོར་གྱི་གཏན་འབེབས་ཀྱི་འཆར་ཟིན་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་འཐུས་མིའི་འདེམས་བསྐོ་བྱ་ཐབས་ཀྱི་འཆར་ཟིན། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་འཐུས་མིའི་འདེམས་བསྐོ་བྱ་ཐབས་ཀྱི་འཆར་ཟིན་བཅས་ལ་གྲོས་ཞིབ་གནང་བ་རེད། འཐུས་མི་ཚོས་རྦད་དེ་མོས་མཐུན་ཡོད་ལ། འདེམས་བསྐོའི་ལས་དོན་གྱི་སྤྱིའི་བླང་བྱ་དང་རྩ་དོན་ཁོང་དུ་ཡང་དག་ཆུད་པ་དང་། འདེམས་བསྐོའི་ལས་དོན་སྒྲིག་འཛུགས་ལ་ཤུགས་སྣོན། འདེམས་བསྐོའི་ལྷུ་ཚིགས་ཁག་གི་ལས་དོན་ཏན་ཏིག་དང་ཞིབ་ཚགས་སྒྲུབ་པ་བཅས་བྱས་ནས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་འཐུས་མིའི་འདེམས་བསྐོའི་ལས་དོན་སྤུས་ཚད་མཐོ་བའི་ལེགས་གྲུབ་འགན་ལེན་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།