དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་ཡིས་པེ་ཅིང་དུ་འབྲེལ་ཡོད་པུའུ་ཨུད་ཁག་ལ་འཚམས་འདྲིར་བཅར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-08

    ཉེ་ཆར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་པེ་ཅིང་དུ་བཟོ་འཕྲིན་པུའུ་དང་། རང་བྱུང་ཐོན་ཁུངས་པུའུ། སྡོད་ཁང་འཛུགས་སྐྲུན་པུའུ། རྩིས་བཤེར་ཧྲུའུ་བཅས་སུ་འཚམས་འདྲི་བཅར་ནས་ཁ་གཏད་བོད་སྐྱོར་ལས་དོན་མུ་མཐུད་གཏིང་ཟབ་ཏུ་གཏོང་རྒྱུ་སོགས་ཀྱི་ཐད་འབྲེལ་མཐུད་གནང་སྟེ་རོགས་རམ་དང་རྒྱབ་སྐྱོར་ཐོབ་རྒྱུའི་བརྩོན་ལེན་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་བཅས་ཀྱི་ཚབ་ཞུས་ནས་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་ཀྱིས་དུས་ཡུན་རིང་པོའི་ནང་བོད་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་། ཡན་ཅིན་ཧའེ་ཡིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། རྒྱལ་ཁབ་འབྲེལ་ཡོད་པུའུ་ཨུད་ཀྱིས་བོད་ཀྱི་དོན་དངོས་ལ་གཞི་ཚུགས་ནས་ལས་རིགས་ཀྱི་མཉམ་ཤུགས་སྒྲིལ་བ། སྲིད་ཇུས་བཟོ་བ་དང་། མ་དངུལ་གཏོང་བ། རྣམ་གྲངས་མཁོ་འདོན་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པ་དེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ཐུབ་ལ་བཀའ་དྲིན་ཡང་ཚོར་ཐུབ་ཅེས་གསུངས་པ་རེད།

    ཡན་ཅིན་ཧའེ་ཡིས། མིག་སྔར་བོད་འདི་ཉིད་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་བསྐྲུན་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་སྐྱོད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སླེབས་ཡོད། “དོན་ཆེན་བཞི”དང“འགན་ལེན་བཞིར”དམིགས་ནས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”ཞིབ་ཕྲའི་བཀོད་སྒྲིག་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་ལྟར་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱས་ཏེ“མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མཉམ་དུ་མངོན་འགྱུར”བྱེད་པའི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་བསྐྱོད་ཡོད། པུའུ་ཨུད་ཁག་གིས་སྔར་རྒྱུན་བཞིན་བོད་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་དྲོད་རླངས་མཁོ་འདོན་གྱི་ལས་གྲྭ་འཛུགས་སྐྲུན་དང་། ལྷ་སའི་གནའ་གྲོང་སྲུང་སྐྱོང་། གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད། སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་དང་རང་བྱུང་གནོད་འཚེ་འགོག་བཅོས་ལ་ཤུགས་སྣོན་རྒྱག་པ། ལྗང་མདོག་བཟོ་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཁྲིམས་ལྟར་རྩིས་བཤེར་ལས་དོན་ལ་ཤུགས་སྣོན་རྒྱག་པ་སོགས་ལ་རོགས་རམ་དང་རྒྱབ་སྐྱོར་དེ་བས་མང་བ་བྱེད་པའི་རེ་བ་སྙིང་དབུས་ནས་ཞུ་ཡི་ཡིན་ཞེས་གསུངས་པ་རེད།

    བཞུགས་མོལ་གནང་རིང་། འབྲེལ་ཡོད་པུའུ་ཨུད་ཁག་དང་ཚན་པའི་འགོ་ཁྲིད་བློ་མཐུན་གཙོ་བོས་བོད་ཀྱི་སྐབས་གསར་པའི་འགོ་ཁྲིད་ཚན་ཁག་ལ་རྟེན་འབྲེལ་ཞུས་པ་དང་བོད་ཀྱིས་བཏོན་པའི་འབྲེལ་ཡོད་རེ་ཞུ་དང་རྒྱབ་སྐྱོར་དོན་གནད་ལ་ལན་ཧུར་ཐག་བརྒྱབ་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་ཞུས་ཏེ་སྔར་རྒྱུན་བཞིན་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་བོད་ཀྱི་བྱ་གཞག་ལ་རྒྱབ་སྐྱོར་བྱས་ནས་སྲིད་ཇུས་དང་། རྣམ་གྲངས། མ་དངུལ། ཤེས་ལྡན་མི་སྣ་སོགས་ཀྱི་རོགས་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་འབད་འཐབ་ལྷོད་མེད་བྱེད་ཀྱི་ཡིན་ཞེས་མགྲིན་གཅིག་ཏུ་བརྗོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།