ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་ཀྱི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་ཧུར་ཐག་བྱེད་པའི་ཆེད་དོན་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཁྲེན་ཡུང་ཆིས་ཆེད་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་ནས། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་ཧུར་ཐག་བྱེད་པའི་ལག་བསྟར་བསམ་འཆར་དང་། 2022ལོའི་ལས་ཀའི་ཇུས་གཞི་དང་ཆེད་དོན་ཚོགས་ཆུང་གི་ལས་ཀའི་སྒྲིག་སྲོལ་ལ་ཞིབ་འཇུག འབྲེལ་ཡོད་ལས་དོན་བཀོད་སྒྲིག་བཅས་གནང་བ་རེད།
ཁྲེན་ཡུང་ཆིས། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་ཧུར་ཐག་བྱ་རྒྱུ་ནི་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་བོད་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན། དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་ཧུར་ཐག་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། ལས་ཀའི་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་བ། “གཏན་འཁེལ་གཉིས”སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ། “རྒྱལ་ཁབ་ཀྱི་དོན་ཆེན”སེམས་ལ་འཆང་བ་བཅས་བྱས་ནས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལྟར་མཐའ་མཚམས་མི་སེར་གྱི་འཚོ་བར་འགན་ལེན་ཡོད་པ་དང་། ཕྱུག་པོ་ཆགས་རྒྱུར་ཐབས་ལམ་ཡོད་པ། མཐའ་སྲུང་ལ་སྒུལ་ཤུགས་ཡོད་པ། འཕེལ་རྒྱས་ལ་འདེགས་སྐྱོར་ཡོད་པ་བཅས་ཀྱི་རྣམ་པ་གསར་པ་གཏོད་ནས་མཐའ་མཚམས་ས་ཁུལ་གྱི་ཐོན་ལས་འཕེལ་རྒྱས་དང་། རྨང་གཞིའི་སྒྲིག་བཀོད། སྤྱི་པའི་ཞབས་ཞུའི་ཆུ་ཚད་བཅས་ཆེས་ཆེར་མཐོ་རུ་འགྲོ་བའི་འགན་ལེན་བྱས་ཏེ། མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སླེབས་པ་བྱེད་དགོས་ཞེས་བསྟན་གནང་བ་རེད།
ཁྲེན་ཡུང་ཆིས། ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ“འདུ་འགོད་ཆེན་པོ་བདུན”ལག་བསྟར་བྱས་ནས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུར་དམིགས་པ་དང་། འགྲོ་ལམ་དང་། ཆུ་བེད། ཆ་འཕྲིན་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཚན་རྩལ་དང་། སློབ་གསོ། རིག་གནས། འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་སོགས་སྤྱི་པའི་བྱ་གཞག་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པ། ལག་བསྟར་བསམ་འཆར་དང་ལས་ཀའི་ཇུས་གཞི་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་དམ་པ་དོན་གཉེར་དང་སྤྱོད་གོ་ཆོད་པའི་བྱ་ཐབས་ཏན་ཏིག་འདོན་དགོས། འགན་འཁྲི་ནན་དུ་ཏན་ཏིག་གཏོང་བ་དང་ལྟ་སྐུལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་། ཤང་། གྲོང་ཚོ་བཅས་རིམ་ལྔའི་མཉམ་འགུལ་ལས་ཀའི་ལམ་སྲོལ་འཛུགས་པ་དང་། ཆེད་དོན་ཚོགས་ཆུང་གཞུང་ལས་ཁང་གིས་སྣེ་ཁྲིད་པ་དང་། འགན་ནུས་སྡེ་ཚན་གྱིས་འགན་འཁུར་བ། མཐའ་མཚམས་རྫོང་དང་ཆུས་ཀྱིས་དུས་མཉམ་དུ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཕྱོགས་མང་ཞུགས་པ་དང་། གོང་འོག་མཉམ་འགུལ། གཅིག་གྱུར་མཐུན་སྦྱོར་བཅས་ཀྱི་ལས་ཀའི་རྣམ་པ་ཆགས་པར་བྱེད་པ་དང་ལྟ་སྐུལ་མཛུབ་ཁྲིད་དང་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་བཏང་སྟེ་དཀའ་གནད་དུས་ཐོག་ཏུ་ཤེས་རྟོགས་དང་སེལ་ཐུབ་པ་བྱེད་དགོས། ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། དཔྱད་ཞིབ་ལ་ཤུགས་སྣོན། དམིགས་ཚད་ཞིབ་ཚགས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དམིགས་ཚད་ཀྱི་ལས་ཕྱོད་དཔྱད་ཞིབ་མ་ལག་ནང་བཅུག་ནས་ལས་ཀའི་ཁྲོད་ཀྱི་ཉམས་མྱོང་བཟང་པོ་དང་བྱ་ཐབས་བཟང་པོ་སྔོག་འདོན་གཏིང་ཟབ་ཀྱིས་དུས་ཐོག་ཏུ་དྲིལ་བསྒྲགས་འོས་སྦྱོར་བྱས་ཏེ་རྣམ་པ་བཟང་པོ་ཧུར་ཐག་གཏོད་དགོས། བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་སྟེ་ཕན་འབྲས་དངོས་ལ་བརྟེན་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།