ཚེས་2ཉིན་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་ཉིང་ལག་རུ་ཁག་དང་པོའི་སྦྱོང་བརྡར་བྱ་ཡུལ་དུ་ཉེན་རྟོག་པའི་ཉམས་འགྱུར་ལེགས་པ་དང་དམག་མིའི་གཟི་ཉམས་ཆེ་ཞིང་། རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱི་འགན་སྒྲུབ་དམ་བཅའི་སྐུལ་སློང་ཚོགས་ཆེན་དང་མཉམ་འབྲེལ་གྱི་དྲག་ཆས་སྐོར་གཡེང་ནང་སྦྱོང་བྱེད་སྒོ་དེ་གར་སྤེལ་བ་རེད། བོད་སྡོད་བཅིངས་འགྲོལ་དམག་དང་། དྲག་ཆས་ཉེན་རྟོག་དཔོན་དམག སྤྱི་བདེའི་ལས་བྱེད་ཉེན་རྟོག་པ། འཇིགས་རྒོལ་དང་མེ་ཟོན་རོགས་སྐྱོབ་སོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱི་ཉམས་འགྱུར་བཟང་བ་དང་། སྙིང་སྟོབས་རབ་འཕེལ། དཔའ་ངར་ཆེར་སྐྱེད་བཅས་ཡོད་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཡིན་པའི་ཀྲོང་ཡན་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་གིས་གཙོ་སྐྱོང་གནང་བ་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དབང་ཧའེ་ཀྲོའུ་དང་། ལའེ་ཅའོ། རེན་ཝེ། ཟླ་བ་ཚེ་རིང་བཅས་ཚོགས་འདུར་ཞུགས་པ་རེད།
ཀྲོང་ཡན་གྱིས་ནན་བཤད་གནང་དོན། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཚོགས་ཉེར་ཡོད་པ་དང་། རང་ལྗོངས་འདི་ཉིད་བརྟན་ལྷིང་སྲུང་སྐྱོང་གི་འགག་སྒྲོལ་དུས་མཚམས་ཀྱི་འགག་རྩའི་དུས་སྐབས་སུ་སླེབས་པས་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱི་འགན་སྒྲུབ་དམ་བཅའི་སྐུལ་སློང་ཚོགས་ཆེན་དང་མཉམ་འབྲེལ་གྱི་དྲག་ཆས་སྐོར་གཡེང་ནང་སྦྱོང་བྱེད་སྒོ་སྤེལ་བ་དེ་ཐོག་ནས་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཆོད་སེམས་བརྟན་པོ་དང་། འཐབ་ཕོད་པ་དང་རྒྱལ་ངེས་པའི་དད་སེམས་བརྟན་པོ། སྲ་ཞིང་བརྟན་པའི་བློ་སྟོབས་ཆེན་པོ་བཅས་གང་ལེགས་མངོན་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱིས་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་དམ་བཅའ་བརྟན་པོ་ལག་ལེན་མཐའ་གཅིག་ཏུ་བསྟར་བ་དང་། “གཏན་འཁེལ་གཉིས”ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་ཐོག་མཐའ་བར་གསུམ་དུ“སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག“དོན་ཆེན་བཞི”དང“འགན་ལེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”སྟོབས་ཤུགས་གཅིག་སྒྲིལ་བྱེད་པ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། དམངས་སེམས་གཅིག་སྒྲིལ། ལས་སྒྲུབ་མཉམ་འགུལ། མཉམ་འགོག་མཉམ་འདོམས་བཅས་བྱས་ཏེ་བོད་ཀྱི་ཞི་མཐུན་བརྟན་ལྷིང་འགན་ལེན་གྱི་དམ་བཅའ་འཇོག་དགོས། ཐོག་མཐའ་བར་གསུམ་དུ་ཞུམ་མེད་མདུན་སྐྱོད་ཀྱི་གསར་བརྗེའི་འཐབ་སེམས་ཆེ་རུ་གཏོང་བ་དང་། ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་བྱེད་པ། འཐབ་རྩོད་བྱེད་ཕོད་པ་དང་། བློ་ཁོག་ཆེན་པོས་རལ་གྲི་འཕྱར་བ། གལ་ཆེའི་འཐབ་རྩོད་ཁྲོད་དམག་འཐབ་ཀྱི་བློ་སྟོབས་ལ་ཞུན་བརྡར་སྤྲོས་པ། བརྟན་ལྷིང་སྲུང་སྐྱོང་གི་ལག་ལེན་ཁྲོད་འཐབ་རྩོད་ཀྱི་གོམས་སྦྱོང་བརྡར་གསུམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ཁ་ཕྲལ་གཏོར་བཤིག་པ་དང་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་མཐའ་དག་ལ་རྡུང་རྡེག་མཐའ་གཅིག་ཏུ་བཏང་ནས་དགྲ་ཡའི་ཕྱོགས་གཏོགས་དང་ཁ་ཕྲལ་པ་བླ་འདར་བ་དང་གབ་ས་མེད་པ་བཟོ་དགོས། འཐབ་ཕོད་པ་དང་རྒྱལ་ངེས་པའི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་བཏང་ནས་རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་དང་། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས། “ལམ་གཉིས”ཀྱི་སྙིང་སྟོབས། ཁུང་ཧྥན་སེན་གྱི་སྙིང་སྟོབས་བཅས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་དོན་འཁྱོལ་ནན་པོ་དང་། བརྟན་ལྷིང་སྲུང་སྐྱོང་གི་སྒྲིག་ཁྲིམས་ལག་བསྟར་ནན་པོ། བརྟན་ལྷིང་སྲུང་སྐྱོང་གི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་བཅས་བྱས་ཏེ། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་ཕྱག་རྟགས་འབུལ་དགོས།