དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་དང་ཡན་ཅིན་ཧའེ་ཡིས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ལ་འཚམས་འདྲིར་བཅར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-04

     ཚེས་2ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་པེ་ཅིང་དུ་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ལ་འཚམས་འདྲིར་བཅར་ནས་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་པུའུ་ཀྲང་ལི་ཞའོ་ཕུང་དང་བཞུགས་མོལ་གནང་སྟེ་བོད་ཀྱི་ལས་དོན་གྱི་གནས་ཚུལ་སྙན་སེང་ཞུས་པ་མ་ཟད། བོད་ཀྱི་འགྲིམ་འགྲུལ་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཐུན་མོང་ཐོག་ཇུས་འགོད་ཀྱང་གནང་བ་རེད།

    འགྲིམ་འགྲུལ་སྐྱེལ་འདྲེན་པུའི་ཏང་ཙུའུ་ཡི་ཁོངས་མི་པུའུ་ཀྲང་གཞོན་པ་ཏའེ་ཏུང་ཁྲང་ཞུགས་པ་རེད།

    ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ཏེ་འགྲིམ་འགྲུལ་སྐྱེལ་འདྲེན་པུས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ཁག་དང་ལྷག་པར་དུ་འགྲིམ་འགྲུལ་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་སྲ་ཞིང་བརྟན་པའི་འགོ་ཁྲིད་དང་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཚུད་པའི་ཀྲུང་དབྱང་པུའུ་ཨུད་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་མཐུན་སྒྲིལ་འབད་འཐབ་བྱས་པ་བརྒྱུད་ད་ཆའི་བོད་ཀྱི་ཆབ་སྲིད་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་ཞི་དུལ། མཐའ་སྲུང་སྲ་བརྟན། མི་དམངས་བདེ་སྡོད་ལས་བརྩོན་བཅས་བྱ་གཞག་ཁག་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་ཞིག་མངོན་བཞིན་ཡོད། 2021ལོར་བོད་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི་12ལྷག་ཙམ་ཟིན་ཏེ་ལྗོངས་ཡོངས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བའི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་འགྲིམ་འགྲུལ་སྐྱེལ་འདྲེན་ནུས་པ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད་ཅེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱས་ཏེ་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ། ཀྲུང་དབྱང་དང་རྒྱལ་ཁབ་པུའུ་ཨུད་ཀྱི་རྒྱབ་སྐྱོར་ཤུགས་ཆེན་གནང་བ་བཅས་དང་ཁ་འབྲལ་ཐབས་མེད་པས། འགྲིམ་འགྲུལ་སྐྱེལ་འདྲེན་པུས་སྔར་རྒྱུན་བཞིན་བོད་ཀྱི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་རྒྱུར་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་རེ་བ་འཆང་བཞིན་ཡོད། ང་ཚོས“ལམ་གཉིས”ཀྱི་སྙིང་སྟོབས་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་ནས་ཁྲོན་བོད་ལྕགས་ལམ་སོགས་རྣམ་གྲངས་གལ་ཆེན་གྱི་ཞབས་ཞུའི་འགན་ལེན་ལས་དོན་ཡག་པོ་བསྒྲུབས་ཏེ། “ལོ་ལྔ་ཚན་བཅུ་བཞི་པའི”འགྲིམ་འགྲུལ་སྐྱེལ་འདྲེན་གྱི་བྱ་གཞག་འཆར་འགོད་ཇུས་འགོད་ཡག་པོ་དང་། སྐུལ་འདེད་ཡག་པོ། དོན་འཁྱོལ་ཡག་པོ་བཅས་བྱས་ཏེ། བྱ་སྤྱོད་ངོ་མའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་ལ་དྲིན་ལན་འཇལ་བ་དང་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་ཐུགས་ཁུར་དང་རྒྱབ་སྐྱོར་ལ་དྲིན་ལན་འཇལ་གྱི་ཡིན་ཞེས་གསུངས་པ་རེད།

    ཡན་ཅིན་ཧའེ་ཡིས། འགྲིམ་འགྲུལ་སྐྱེལ་འདྲེན་པུས་བོད་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། རྣམ་གྲངས་ལག་བསྟར་གྱི་མྱུར་ཚད་མགྱོགས་སུ་གཏོང་བ། འགྲིམ་འགྲུལ་དྲ་རྒྱའི་བཀོད་པ་འཐུས་སྒོ་ཚང་དུ་གཏོང་བ། ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲ་ཞིང་བརྟན་པའི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་འགན་ལེན་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ལི་ཞའོ་ཕུང་གིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་བཀྲ་ཤིས་བདེ་ལེགས་ཞུས་ཤིང་། ཁོང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཁྲོད་ཀྱི་བོད་ཀྱི་འཐབ་ཇུས་གནས་བབ་ཧ་ཅང་གལ་ཆེན་ཡིན་པས་བོད་ཀྱི་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་དོར་ཐབས་མེད་པ་ཞིག་རེད། འགྲིམ་འགྲུལ་སྐྱེལ་འདྲེན་པུས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། མུ་མཐུད་དམིགས་བསལ་གྱི་སྲིད་ཇུས་དང་བྱེད་ཐབས་སྤྱད་ནས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་མཉམ་ཤུགས་ཆགས་པར་བྱས་ཏེ། བོད་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཐུན་མོང་ཐོག་བསྐྲུན་རྒྱུ་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།