དབུ་ཤོག>སྲིད་དོན།
  • ཁྲེན་ཡུང་ཆིས་བོད་ཀྱི་ལོ་གསར་རིང་གི་ཁྲོམ་རའི་མཁོ་སྤྲོད་འགན་ལེན་གྱི་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-03

    ཟླ་2ཚེས་28ཉིན་གྱི་ཕྱི་དྲོར། བོད་ཆུ་སྟག་ལོའི་ལོ་གསར་འཆར་ཉེར་ཡོད་པའི་སྐབས་སུ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆིས་ལྷ་ས་གྲོང་ཁྱེར་དུ་དུས་ཆེན་རིང་གི་ཁྲོམ་རའི་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་དང་། བཟའ་བཅའི་བདེ་འཇགས། ནད་ཡམས་སྔོན་འགོག་དང་ཚོད་འཛིན་བཅས་ཀྱི་ལས་དོན་ལ་བརྟག་ཞིབ་མཛུབ་ཁྲིད་གནང་སྟེ། བོད་ཀྱི་ལོ་གསར་རིང་ཁྲོམ་རའི་མཁོ་སྤྲོད་དང་རིན་གོང་བརྟན་པོ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་སྦྲགས། ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་། ཀྲུའུ་ཞི་ཡན་ཅིན་ཧའེ་བཅས་ཀྱི་ཚབ་ཞུས་ནས་མི་རིགས་ཁག་གི་མི་དམངས་ལ་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་རེད།

    གནམ་གཤིས་ལས་ཁུངས་ཀྱི་ཞིང་ཞོར་ཉོ་ཚོང་་ཁྲོམ་རར་ཤིང་ཏོག་དང་། སྔོ་ཚལ། ཤ་སྒོང་སོགས་ཞིང་ལས་ཐོན་ཟོག་གྲལ་སྟར་འགྲིག་པོས་བཞག་ཡོད་ཅིང་། ཁྲེན་ཡུང་ཆིས་ཁྲོམ་བཀྱག་ཁག་གི་མདུན་དུ་ཕེབས་ཏེ་ཚོང་པ་རྣམས་ལ་རིན་གོང་དང་ཚོང་ཡག་པོ་ཡོད་མེད་སྐོར་བཀའ་འདྲི་གནང་བ་དང་། ས་གནས་ས་ཐོག་ནས་དུས་ཆེན་རིང་གི་ཚོང་ཟོག་མཁོ་སྤྲོད་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། བར་སྐོར་ཚོང་གྲོང་དུ་ལོ་གསར་གྱི་མཁོ་ཆས་ཉོ་མཁན་མང་ཚོགས་ཧ་ཅང་མང་ཞིང་། ཕྱེ་མར་འབོ་དང་རྩེ་སྒྲོ་སོགས་དུས་ཆེན་གྱི་མཁོ་ཆས་སྣ་ཚོགས་ཡོད་པས་གང་ས་ནས་དུས་ཆེན་གྱི་རྣམ་པ་ཟབ་མོ་མངོན་འོང་། ཁྲེན་ཡུང་ཆིས་གྲོང་མི་དང་བྱམས་བརྩེའི་སྤེལ་རེས་གནང་སྟེ་མང་ཚོགས་ཚོར་ལོ་གསར་གྱི་མཁོ་ཆས་ཉོས་ཚར་ཡོད་མེད་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ཁྲེང་ཀོན་ཆུས་ས་གཙང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་སྡེབ་ཚོང་ཁྲོམ་རར་འབྲས་དང་། གྲོ་ཞིབ།འབྲུ་རིགས། སྣུམ། ཤ སྒོ་ང་། ཤིང་ཏོག སྔོ་ཚལ་བཅས་གང་དགོས་ཚང་མ་ཡོད་པ་དང་མཁོ་སྤྲོད་འདང་ངེས་ཡོད་ཅིང་། ཁྲེན་ཡུང་ཆིས་ཐོན་རྫས་ཀྱི་སྤུས་ཚད་དང་དངོས་ཟོག་ཉར་ཚགས་དང་མཁོ་འཚོང་སོགས་ཀྱི་གནས་ཚུལ་ལ་ཞིབ་ཕྲ་གཟིགས་པ་རེད། ཁོང་གིས་ཟས་ནི་མི་ཡི་འཚོ་རྟེན་ཡིན་པས་མཁོ་སྤྲོད་འགན་ལེན་དང་། ཟོག་གོང་བརྟན་པོ། བཟའ་བཅའ་བདེ་འཇགས་ཡོང་བ་བཅས་ནི་དམངས་འཚོའི་བདེ་རྩ་དང་སྤྱི་ཚོགས་བརྟན་ལྷིང་དང་འབྲེལ་བ་ཡོད་སྟབས་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མཐོང་ཆེན་པོ་བྱེད་ཀྱི་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་མཐའ་འཁྱོངས་བྱས་ཏེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བླང་བྱ་དོན་འཁྱོལ་བྱས་ནས་ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་བ་དང་དོན་འཁྱོལ་བྱ་ཐབས་ཞིབ་ཕྲ་བཟོས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་འབྲུ་སྣུམ་དང་། ཤ་རིགས། སྔོ་ཚལ་སོགས་ཟོག་ཁུངས་གྲབས་གསོག་ཡག་པོ་བྱེད་པ་དང་། སྤྱི་འདོམས་བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ། མཁོ་སྤྲོད་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་དུས་ཆེན་རིང་དང་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དུས་བབ་འོག་གི་འཚོ་བའི་མཁོ་ཆས་མཁོ་སྤྲོད་འགན་ལེན་ནུས་ལྡན་བྱས་ནས་མང་ཚོགས་ཀྱི་དུས་ཆེན་གྱི་འཛད་སྤྱོད་དགོས་མཁོ་ཐབས་བརྒྱ་ཇུས་སྟོང་གིས་སྐོང་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་པོའི་འགན་འཁྲི་དང་ས་གནས་སྲིད་གཞུང་གི་ལྟ་འདོམས་འགན་འཁྲི་དོན་འཁྱོལ་ནན་ཏན་བྱེད་པ་དང་། བདེ་འཇགས་འགན་ལེན་གྱི་བྱ་ཐབས་ཁག་ཞིབ་ཕྲ་བཟོ་བ། ལས་རེས་སྡོད་བྱ་དང་བདེ་འཇགས་ཞིབ་བཤེར་ནན་པོ་བཅས་བྱས་ཏེ་མི་རིགས་ཁག་གི་མི་དམངས་མང་ཚོགས་ལ་བདེ་འཇགས་དང་། བརྟན་ལྷིང་། སྤྲོ་སྣང་། འཆམ་མཐུན་བཅས་ལྡན་པའི་བོད་ཀྱི་ལོ་གསར་ཞིག་གཏོང་རྒྱུ་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།