ཉེ་ཆར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་སྟེ། རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི《ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ཚད་ལྡན་ཅན་གྱི་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལྟ་ཞིབ་གྲོས་འགོར》དམིགས་ནས་དག་ཐེར་ལས་དོན་སྐོར་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།
ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཤའོ་ཡིའུ་ཚའེ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་དང་། ཀྲང་ཡན་ཆིང་། ཝང་ཡུང་བཅས་ཚོགས་འདུར་ཞུགས་པ་རེད།
ཡན་ཅིན་ཧའེ་ཡིས་ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ཚད་ལྡན་ཅན་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་དེ།ཏང་དང་སྲིད་གཞུང་གི་གཟུགས་བརྙན་དང་འབྲེལ་བ་ཡོད་ལ། ཁྲོམ་རའི་སྒྲིག་ལམ་བརྟན་པོ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འབྲེལ་བའང་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་གྱི་ལོ་གལ་ཆེན་ཞིག་ཡིན་པའི་འདི་ལོར་རྒྱལ་ཁབ་ནས་མ་དངུལ་གཏོང་མང་བ་དང་། ལས་གྲྭ་འཛུགས་སྐྲུན་བྱེད་མང་བ། ལྟ་འདོམས་བྱེད་མང་བ་བཅས་ཡོད། དེས་ན་ང་ཚོས་ངེས་པར་དུ་ངོས་འཛིན་མཐོ་རུ་གཏོང་དགོས་ཤིང་། བསམ་བློའི་རྩ་བ་དེ་དམ་པོར་བཟུང་ནས་ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ཁྲིམས་འགལ་སྒྲིག་འགལ་གནད་དོན་གྱི་ཚབས་ཆེའི་རང་བཞིན་དང་གནོད་འཚེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་བ། ལས་གྲྭ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ཚད་ལྡན་ཅན་གྱི་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་པ། རུལ་རྒོལ་གཙང་སྤེལ་གྱི་སྒྲིག་སྲོལ་དང་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ། ལྷག་པར་དུ་ལྟ་ཞིབ་བྱེད་རིང་བཏོན་པའི་གྲོས་འགོ་དང་ཚུར་ལན་གནད་དོན་ལ་དག་ཐེར་དམ་པོ་དང་། ནན་པོ། ཏན་ཏིག་བཅས་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཁོར་ཡུག་ཡག་པོ་ཞིག་སྐྲུན་དགོས་ཞེས་བསྟན་གནང་བ་རེད།
ཡན་ཅིན་ཧའེ་ཡིས། ཚད་གཞི་ནན་དུ་བཏང་ནས་བརྒྱུད་རིམ་ཁག་གི་ལྷུ་ཚིགས་ལ་དམ་འཛིན་ནན་པོ་བྱེད་དགོས་ཤིང་། རྣམ་གྲངས་གཏན་འཁེལ་དང་། འོས་སྐུལ་འོས་དཔོད། ཨར་ལས་དང་ལྟ་འདོམས། ཞིབ་བཤེར་རྩིས་ལེན། མ་དངུལ་རྩིས་རྒྱག་བཅས་ཀྱི་ལྷུ་ཚིགས་ནས་འགོ་འཛུགས་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། ཁྲིམས་ལུགས་དང་སྒྲིག་སྲོལ་ལྟར་ཕན་འབྲས་ཐོན་པའི་དོ་དམ་མ་ལག་ཆ་ཚང་ཞིག་ཧུར་ཐག་བཟོ་བ། འགན་འཁྲི་བདའ་འདེད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ“ཆོག་མཆན་མ་ཐོབ་པར་འཛུགས་སྐྲུན་བྱེད་པ”དང་། “ཚུལ་མིན་འོས་སྐུལ་འོས་དཔོད་བྱེད་པ” “མངོན་གསལ་དུ་འོས་སྐུལ་དང་ལྐོག་ཏུ་འོས་དཔོད་བྱེད་པ” “རང་དགར་འགྱུར་ལྡོག་གཏོང་བ”སོགས་སྒྲིག་འགལ་བྱེད་སྤྱོད་གཏན་འགོག་བྱེད་དགོས་པ་དང་། ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་སྟེ་ཁྲིམས་ལུགས་དང་སྒྲིག་ཁྲིམས་ཀྱི“རལ་གྲི”མཐོན་པོར་འཕྱར་དགོས་ཤིང་། རྩིས་བཤེར་གྱི་ལྟ་སྐུལ་དང་སྲིད་གཞུང་གི་ལྟ་སྐུལ་ཞིབ་བཤེར་གྱི་འགན་ནུས་གཙོ་གནད་དུ་ཡག་པོ་འདོན་པ་དང་། རྩིས་བཤེར་ཐོན་ཁུངས་བཀོད་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས་རྩིས་བཤེར་ཕྱོགས་ཡོངས་ལ་ཁྱབ་རྒྱུར་སྤུས་ཚད་མཐོ་པོས་སྐུལ་འདེད་བཏང་སྟེ། རྒྱུན་རྣམ་ཅན་དང་འགུལ་རྣམ་ཅན་གྱི་རྩིས་བཤེར་བྱེད་སྟངས་ཤིག་ཆགས་པར་བྱེད་དགོས། དག་ཐེར་དོན་འཁྱོལ་གནད་སྨིན་མ་ཐུབ་པའི་འགག་ས་དང་ཁེ་ལས་དང་མང་ཚོགས་ཀྱི་དཀའ་གནད་ལ་དམ་པོར་དམིགས་ཏེ། ལྟ་སྐུལ་ཞིབ་བཤེར་བྱེད་ཀྱིན་མཐུན་སྦྱོར་ཡོང་བ་དང་མཐུན་སྦྱོར་བྱ྄ེད་ཀྱིན་གནད་དོན་ཐག་གཅོད་བྱེད་དགོས། དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་འཁུར་དགོས་པའི་འགན་འཁྲི་འཁུར་དགོས་ཤིང་། སྲིད་གཞུང་ཚན་ཁག་གི་ཁོངས་མིས་རྒྱལ་ཁབ་ཀྱི་མ་འཇོག་དང་ནོར་སྲིད་མ་དངུལ་ལ་ལྟ་འདོམས་བྱ་རྒྱུར་གཙོ་གནད་ཐོག་ཤུགས་སྣོན་བརྒྱབ་སྟེ། ཁག་བགོས་དོ་དམ་སྡེ་ཚན་དང་ཁག་བགོས་དོ་དམ་ཁྱབ་ཁོངས་ཀྱི་དག་ཐེར་ལས་དོན་ལ་དུས་བཀག་ལྟར་ཞིབ་བཤེར་དང་ལྟ་སྐུལ་དོན་འཁྱོལ་བྱེད་དགོས། འབྲེལ་ཡོད་སྡེ་ཚན་གྱིས“ཕྱོགས་གཉིས་ནས་དམ་འཛིན”མཐའ་འཁྱོངས་བྱེད་དགོས་ཤིང་། ཕྱོགས་གཅིག་ནས་འཛུགས་སྐྲུན་དོ་དམ་གྱི་དག་ཐེར་ཚད་ལྡན་དུ་གཏོང་བར་དམ་འཛིན་དང་། གཅིག་ཤོས་ནས་འཛུགས་སྐྲུན་རྣམ་གྲངས་ཀྱི་ལས་འགོ་བསྐྱར་འཛུགས་དང་ལས་འགོ་འཛུགས་པར་དམ་འཛིན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།