དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་ཀྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བྱེད་པའི་ཆེད་དོན་ཚོགས་ཆུང་གི་སྐུལ་འདེད་ཚོགས་འདུ་ཐེངས་དང་པོ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-02

    ཟླ་2ཚེས་26ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཀྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བྱེད་པའི་ཆེད་དོན་ཚོགས་ཆུང་གི་སྐུལ་འདེད་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་། ཚོགས་འདུའི་ཐོག་2021ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་དང་དཔྱད་བསྡུར་ལས་དོན་སྤེལ་ཚུལ་དང་2021ལོ་འཁོར་གྱི་རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ལ་མིང་འདོགས་པའི་གྲོས་འགོའི་མིང་ཐོ་ཁག་དང་པོ་ཉན་པ་དང་། ཆེད་དོན་ཚོགས་ཆུང་གི་ལས་དོན་སྒྲིག་སྲོལ་དང་གཞུང་དོན་ཁང་གི་ལས་དོན་ཞིབ་སྲོལ་དང་། 《རང་སྐྱོང་ལྗོངས་ཀྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བྱེད་པའི་2022ལོ་འཁོར་གྱི་ལས་དོན་ལག་བསྟར་ཇུས་གཞི》 2022ལོ་འཁོར་ལས་དོན་གྱི་གཙོ་གནད་བཅས་ལ་ཞིབ་འཇུག་བྱས་ནས་གྲོས་ཞིབ་བྱས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཀརྨ་ཚེ་བརྟན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱ་མཚོ་ལྷ་མོ་ཕེབས་པ་བཅས་རེད།

    བློ་བཟང་རྒྱལ་མཚན་གྱིས་བསྟན་དོན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་མཆན་འགོད་མཛུབ་སྟོན་ཐེངས་མང་གནང་སྟེ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད”དང“མི་རིགས་མཐུན་སྒྲིལ་ཡར་ཐོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་བྱེད་པ”དེ“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞི”ཡི་ཨང་དང་པོར་བཞག་ནས་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་རྒྱང་སྐྱོད་ལམ་བུ་གསར་པ་ཕྱོགས་ཡོངས་ནས་བཏོད་ཡོད། ང་ཚོས་ངེས་པར་དུ་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་མི་རིགས་ལས་དོན་ཚོགས་འདུའི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། “དོན་ཆེན་བཞི”དང“འགན་ལེན་བཞི”བརྟན་དུ་གཏོང་བ་དང“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞི”གཅིག་སྡུད་བྱས་ཏེ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་དམིགས་ཚད་ལ་དམ་པོར་དམིགས་པ་དང་། གཙོ་གནད་མངོན་གསལ་དོད་པོ་ཡོང་བ། ཕན་ཚུན་གཞོགས་འདེགས་བྱེད་པ། ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་དཔེ་བཟང་ཁུལ་གྱི་འཛུགས་གཏོད་ལས་དོན་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བ་བཅས་བྱས་ཏེ། ཏང་སྲིད་དམག་ཉེན་དམངས་ཀྱིས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་དང་གཏིང་དང་ཁྱོན་ལ་ཁྱབ་པའི་དཔེ་སྟོན་ཁུལ་འཛུགས་གཏོད་ཀྱི་བཀོད་པ་ཞིག་ཆགས་པར་བྱེད་དགོས།

    བློ་བཟང་རྒྱལ་མཚན་གྱིས་ནན་བཤད་གནང་དོན། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ཏེ་གཙོ་གནད་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་གཞི་རྟེན་དང་བྱེད་ཐབས་སྔར་བས་གསར་གཏོད་བྱེད་པ་དང་། དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ། ནང་དོན་དང་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་བ། དཔེ་སྟོན་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ། འཛུགས་གཏོད་ལ་དཔྱད་བསྡུར་ནན་པོ་བྱེད་པ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དེའི་ནང་ཞུགས་རྒྱུར་དགའ་བ་དང་ཞུགས་བདེ་བའི་འཛུགས་གཏོད་ཀྱི་བྱེད་སྒོ་སྤེལ་བ་བཅས་བྱས་ནས་དེང་རབས་ཅན་དང་གོམ་སྟབས་གཅིག་མཚུངས་དང་། སྤྱི་པའི་ཞབས་ཞུ་དང་སྤུས་ཚད་གཅིག་མཚུངས། ཁྲིམས་སྐྱོང་འགན་ལེན་དང་དབང་ཆ་གཅིག་མཚུངས། བསམ་པའི་ཁྱིམ་གཞིས་དང་འཛུགས་སྐྲུན་གཅིག་མཚུངས། སྤྱི་ཚོགས་ཞི་མཐུན་དང་འཛུགས་གཏོད་གཅིག་མཚུངས་བཅས་ཧུར་ཐག་ཐུབ་པ་བྱས་ཏེ་དཔེ་བཟང་ཁུལ་འཛུགས་གཏོད་དེ་ཁྱབ་རྒྱ་དེ་བས་ཆེ་བ་དང་། ཁྱབ་ཁོངས་དེ་བས་ཡངས་པ། རིམ་པ་དེ་བས་ཟབ་པ་བཅས་ཀྱི་ཕྱོགས་སུ་རྒྱ་སྐྱེད་གཏོང་བར་སྐུལ་འདེད་གཏོང་དགོས། ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ། གཟེར་འདེབས་ཀྱི་སྙིང་སྟོབས་དང་ཏན་ཏན་ཏིག་ཏིག་གི་ལས་དོན་གྱི་སྤྱོད་ཚུལ་ལ་བརྟེན་པ། འཛུགས་གཏོད་ལས་དོན་དོན་འཁྱོལ་ཞིབ་ཕྲ་ཡོང་བར་སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།